ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་གྱིས་ཏིས་པེད་ནས་ཧྲང་ཧེ་དང་པེ་ཅིང་བར་གྱི་འགྲུལ་སྐྱེལ་གནམ་གྲུ་སླར་གསོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་ཏིས་པེད་ན་ཡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟི་ཡིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། པྲོག་གསར་གློ་ཚད་རིམས་ནད་དབང་གིས་གནས་སྐབས་སུ་མཚམས་བཞག་པའི་ཏིས་པེད་ནས་ཀྲུང་གོའི་ཧྲང་ཧེ་དང་པེ་ཅིང་བར་གྱི་འགྲུལ་སྐྱེལ་གནམ་གྲུ་སླར་གསོ་བྱེད་རྒྱུ་མ་ཟད། ཏིས་པེད་ནས་ཀོང་ཀྲོག་བར་གྱི་འགྲུལ་སྐྱེལ་གནམ་གྲུའི་སྐྱེལ་འདྲེན་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 

ཀུང་ཟི་དེས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་བཟུང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟིས་ཏིས་པེད་ནས་ཧྲང་ཧེ་བར་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་ཞབས་ཞུ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། གཟའ་འཁོར་རེར་གནམ་གྲུ་ཐེངས་གཉིས་གཏོང་རྒྱུ་རེད། ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་བཟུང་། གནམ་གྲུ་གཏོང་ཐེངས་དེ་གཟའ་འཁོར་རེར་བཞིར་ཇེ་མང་དུ་གཏོང་རྒྱུ་ཡིན་ལ། ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ཉིན་རེར་གནམ་གྲུ་ཐེངས་རེ་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། ཏིས་པེད་ནས་ཀོང་ཀྲོག་བར་གྱི་འགྲུལ་སྐྱེལ་གནམ་གྲུའི་གཏོང་ཐེངས་མིག་སྔའི་གཟའ་འཁོར་རེར་ཐེངས་བཞི་ནས་ཉིན་རེར་ཐེངས་རེ་གཏོང་རྒྱུ་ཡིན་ཟེར། 

དེ་ལས་གཞན་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། ཏིས་པེད་ནས་པེ་ཅིང་བར་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཉིན་རེར་ཐེངས་རེ་གཏོང་བ་སླར་གསོ་བྱེད་རྒྱུ་རེད། དེ་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟིའི་ཀྲུང་གོའི་སྐམ་སར་འགྲོ་འོང་བྱེད་པའི་གནམ་གྲུའི་སྤྱི་གྲངས་གཟའ་འཁོར་རེར་ཉེར་གཅིག་ཏུ་བསླེབ་ཡོད་པ་རེད། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ཀུང་ཟི་ནི་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་མཁའ་འགྲུལ་ཀུང་ཟི་ཞིག་ཡིན་པ་དང་། ཉིས་སྟོང་བཞི་ལོར་ཏིས་པེད་ནས་ཀྲུང་གོའི་སྐམ་སའི་བར་གྱི་འགྲུལ་སྐྱེལ་གནམ་གྲུ་དངོས་སུ་གཏོང་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།