ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉེར་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་ཞེ་པེ་ལེ་དབུས་མ་མངའ་སྡེའི་ཧཱ་ཝ་ཏི་ལའེ་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པའི་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལ་རྒོལ་ལན་སྤྲད་དེ། ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཉེར་གཅིག་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མགོ་ཁྲིད་པ་ལཱ་ཅེ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཉིན་དེར་རླངས་འཁོར་བཀོལ་ནས་རྟེན་གཞི་དེར་འགས་གཏོར་འཇབ་རྒོལ་བྱས་པ་དང་། རྟེན་གཞི་དེར་གཏོར་བརླག་བཏང་། སྲིད་གཞུང་དམག་དཔུང་གིས་མྱུར་མོར་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་། སྲིད་གཞུང་དམག་དཔུང་དུ་དམག་མི་ལྔ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་རྩ་འཛུགས་དེ་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་བྱ་འགུལ་མང་དུ་སྤེལ་བཞིན་ཡོད། འདས་པའི་ཟླ་ངོ་འགའི་ནང་། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ལ་ཕར་རྒོལ་བྱེད་པར་ཤུགས་སྣོན་བྱས་ཏེ། ན་གཞོན་ཏང་ཡང་ཡང་ཕམ་ཉེས་བྱུང་ཡོད་ཀྱང་། སྔར་བཞིན་སོ་མཱ་ལིའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་རེ་འགའ་ཞིག་བདག་ཏུ་བཟུང་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།