ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཆེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨོ་ཅཱ་པའོ་ཡིས་ཚེས་བཅུ་བདུན་ཉིན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་སུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོ་མོ་ད་ལོར་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་ལ་རེ་བས་ཁེངས་ཡོད་པ་དང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཀྱི་ནུས་པ་གལ་འགངས་ཆེ་ཟེར། 

ཨོ་ཅཱ་པའོ་ཡིས་བཤད་རྒྱུར། ཀྲུང་གོ་ནི་གསོན་ཤུགས་ཀྱིས་ཁེངས་པའི་དཔལ་འབྱོར་ཚོགས་པ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 

ཁོ་མོས་བསྟན་དོན། ཀྲུང་གོས་དབུལ་ཕོངས་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། དེ་ལས་རྒྱུན་མཐུད་འཕེ་ལརྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་ཉམས་མྱོང་དང་ཆོད་སེམས་དེ་རྒྱལ་ཁབ་གཞན་པས་མིག་དཔེར་འཛིན་པའི་རིན་ཐང་ཡོད་ཟེར། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་བར་སུའེ་ཙེར་གྱི་ཤར་ཕྱོགས་གྲོང་རྡལ་ཏཱ་བོ་སི་ནས་སྤེལ་བཞིན་ཡོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ནི་ལོ་ཚོགས་ཀྱི་གླེང་གཞི་གལ་ཆེན་ཞིག་རེད། ལོ་ཚོགས་ནས་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པས་མང་ཚོགས་ཀྱི་དགོས་མཁོ་གཙོ་བོ་ཐག་གཅོད་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་རྒྱུན་མཐུད་དང་བབ་བསྟུན་གྱི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་རྩ་འཛུགས་ནི་ཉིས་སྟོང་ལོར་བཙུགས་པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་དང་ཁེ་ལས་དག་དམ་དུ་སྦྲེལ་ཏེ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་དང་རྒྱུན་མཐུད་འཕེལ་རྒྱས་བྱ་བར་སྐུལ་འདེད་གཏོང་བར་བརྩོན་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།