ཀྲུང་གོ་བོད་ཀྱི་དྲ་བ།

བལ་བོའི་གངས་མི་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པས་བཤད་རྒྱུར་སར་ལྷུང་བའི་གནམ་གྲུའི་ནང་གི་མི72པོ་ཚང་མ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་གི་དུས་ཚོད་ཟླ1པོའི་ཚེས6ཉིན། ཀ་ཏི་མན་ཏུའུ་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་མཉམ་འབྲེལ་གསར་འགྱུར་ཁང་གི་ཚེས15ཉིན་གྱི་འཕྲིན་གསར་ལ་གཞིགས་ན། བལ་བོའི་གངས་མི་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པས། མཁའ་འགྲུལ་ཀུང་སིའི་དེའི་གནམ་གྲུATR 72ལ་བསྡད་པའི་འགྲུལ་བ68དང་གནམ་གྲུའི་ལས་དོན་མི་སྣ4ཚང་མ་རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས། 

ལུའུ་ཐུའུ་གསར་འགྱུར་ཁང་གི་གནས་ཚུལ་ལྟར་ན། བལ་བོའི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་པའོ་ཏི་འར་གྱིས་ཚེས15ཉིན་བསྟན་དོན། མི5ལས་གྲུབ་པའི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་དང་། ཉིན45ནང་དུ་སྲིད་གཞུང་ལ་བརྟག་དཔྱད་སྙན་ཞུ་འབུལ་དགོས། 

བལ་བོའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་དུ་ཡ་ང་བའི་དོན་རྐྱེན་འདིར་སེམས་པ་ཧ་ཅང་སྐྱོ་ཞེས་བྲིས་ཡོད། བལ་བོའི་སྲིད་གཞུང་གིས་ཚེས16ཉིན་སྤྱི་བའི་གུང་གསེང་ཉིན་ལ་གཏན་ཁེལ་བྱས་ནས་འདས་གྲོངས་སུ་སོང་བའི་མི་ལ་གདུང་སེམས་མཉམ་སྐྱེད་ཞུས། གངས་མི་མཁའ་གྲུལ་ཀུང་སིའི་གཞུང་ཕྱོགས་དྲ་ངོས་སུ་སྤྱི་བབསྒྲགས་སྤེལ་པ་ལྟར་ན། དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་མི་ལ་གདུང་སེམས་མཉམ་སྐྱེད་ཞུ་བ་དང་། ཚེས16ཉིན་རྒྱུན་ལྡན་གྱི་གནམ་གྲུ་ཚང་མ་འཕུར་མཚམས་བཞག

བལ་བོའི་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་དོན་རྐྱེན་ཁྲོད་ཀྱི་གནམ་གྲུ་དེ་ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ30སྟེང་དུ་བལ་བོའི་རྒྱལ་ས་ཀ་ཏི་མན་ཏུའུ་ནས་པའོ་ལ་ཁིའི་ཕྱོགས་སུ་འཕུར་ཞིང་། ཆུ་ཚོད10དང་སྐར་མ50སྟེང་དུ་ས་ངོས་དང་འབྲེལ་ཐག་ཆད། གནམ་གྲུའི་སྟེང་དུ་ཕྱི་རྒྱལ་གྱི་འགྲུལ་བ15ཡོད་ཅིང་། དེའི་ཁྲོད་རྒྱ་གར་བ་མི5དང་ཨུ་རུ་སུའི་མི4། བྱང་ཁོ་རེ་ཡའི་མི2། གཞན་པའི་མི4ནི་སོ་སོར་ཨོ་སི་ཁྲི་ལི་ཡའི་མི་དང་ཨེ་འར་ལན་གྱི་མི། ཨ་ཀིན་ཐེན་གྱི་མི། ཧྥ་རན་སིའི་མི་བཅས་རེད།


ཀྲུང་གོའི་བལ་བོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཁང་གིས་ཚེས15ཉིན་བསྟན་དོན། བལ་བོ་ནས་བྱུང་བའི་སར་ལྷུང་བའི་གནམ་གྲུ་དོན་རྐྱེན་ཚབས་ཆེན་ལ་ཡིད་སེམས་རབ་ཏུ་སྐྱོ་ཞིང་། འདས་གྲོངས་སུ་ཤོར་བའི་མི་ལ་གདུང་སེམས་ཞུ་བ་དང་། དེ་དག་གི་ཁྱིམ་མིར་སྙིང་དབུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

ཨ་རིའི་བརྙན་འཕྲིན་གསར་འགྱུར་དྲ་བས་མཁའ་འགྲུལ་བདེ་འཇགས་དྲ་བའི་གཞི་གྲངས་དྲངས་ནས་བཤད་རྒྱུར། འདི་ནི་བལ་བོ་ནས་བྱུང་བའི་ལོ30རིང་གི་ཆེས་ཚབས་ཆེ་བའི་མཁའ་འགྲུལ་དོན་རྐྱེན་ཞིག་རེད། 1922ལོའི་ཟླ9བར། ཕ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཀ་ཏི་མན་ཏུའུ་ནས་སར་འབབ་སྐབས་དོན་རྐྱེན་བྱུང་སྟེ་གནམ་གྲུའི་ཐོག་གི་མི167རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།