ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་ནས་ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ནེ་པཱ་ལཱའི་གངས་མི་མཁའ་འགྲུལ་ཀུང་ཟིའི་མི་དོན་གཉིས་དྲུད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་ནེ་པཱ་ལཱའི་དབུས་ཕྱོགས་ཀྱི་པའོ་ཁི་ལཱ་ས་ཁུལ་དུ་སར་ལྷུང་བ་དང་། མིག་སྔར་བེམ་པོ་སོ་དྲུག་རྙེད་ཡོད་ཟེར། 

པའོ་ཁི་ལཱ་ས་ཁུལ་ཡོད་སའི་ཁཱ་སི་ཅི་རྫོང་གི་རྫོང་དཔོན་ཏཱ་ཁཱ་ཨར་གྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། བེམ་པོ་སོ་དྲུག་གནམ་གྲུའི་ཆག་རོ་ལས་ཕྱིར་བླངས་པ་དང་གནམ་གྲུའི་སྟེང་གི་མེ་བསད་ཡོད་ཟེར། 

ནེ་པཱ་ལཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་མགྲིན་ཚབ་པ་ནེ་རོའུ་ལཱ་ཡིས་གསར་འགོད་པར་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེར་བསྡོམས་པས་འགྲུལ་བ་རེ་བརྒྱད་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བཞི་ཡོད། དེའི་ནང་ཕྱི་རྒྱལ་གྱི་སྤྱི་དམངས་བཅོ་ལྔ་ཡོད། གནམ་གྲུ་དེ་ནེ་པཱ་ལཱའི་རྒྱལ་ས་ཀ་ཏི་མན་ཏུའུ་ནས་པའོ་ཁི་ལཱ་རུ་འཕུར་བཞིན་ཡོད་པ་དང་། སར་འབབ་ལ་ཉེ་བའི་སྐབས་སུ་སར་ལྷུང་བ་རེད་ཟེར། 

གཞན་ཡང་ཁཱ་སི་ཅི་རྫོང་གི་སྲིད་གཞུང་དཔོན་རིགས་ཤིག་གིས་དེའི་སྔོན་བསྟན་དོན། གནམ་གྲུ་དེ་སེ་ཏིས་ཆུ་བོའི་གྲོག་རོང་དུ་ལྷུང་བ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།