ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱ་ཡིས་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་གར་སོང་མ་རྙེད་པའི་མི་བཞི་འཚོལ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ས་རུབ་རྗེས་རྒུད་སྐྱོབ་མི་སྣས་ཉིན་དེའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་གར་སོང་མ་རྙེད་པའི་མི་བཞི་འཚོལ་མཚམས་བཞག་པ་ཡིན་ཟེར། 

ནེ་པཱ་ལཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་པན་ཏཱ་ལི་ཡིས་གསར་འགོད་པར་བཤད་རྒྱུར། རྒུད་སྐྱོབ་འགུལ་སྐྱོད་དེ་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་སླར་གསོ་བྱེད་རྒྱུ་ཡིན་པ་དང་། བདེ་འཇགས་མི་སྣས་མཚན་གང་བོར་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་སྲུང་ཡོད་ཟེར། 

ནེ་པཱ་ལཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་མགྲིན་ཚབ་པ་ནེ་རོའུ་ལཱ་ཡིས་གར་སོང་མ་རྙེད་པའི་མི་བཞིའི་ལས་དབང་ལ་ཚོད་དཔག་བྱེད་འདོད་མེད་ཟེར། ཁོས་བཤད་རྒྱུར། མི་དེ་དག་མ་རྙེད་གོང་ང་ཚོས་ཁོ་ཚོ་རྐྱེན་ལམ་དུ་ཤོར་བ་ཁྱབ་བསྒྲགས་བྱེད་མི་རུང་ཟེར། 

ནེ་པཱ་ལཱའི་གངས་མི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅོ་ལྔ་ཉིན་ནེ་པཱ་ལཱའི་དབུས་ཕྱོགས་ཀྱི་པའོ་ཁི་ལཱ་ས་ཁུལ་གྱི་སའེ་ཏིས་ཆུ་བོའི་གྲོག་རོང་ཉེ་འདབས་སུ་སར་ལྷུང་བ་རེད། སར་ལྷུང་བའི་གནམ་གྲུ་དེར་བསྡོམས་པས་འགྲུལ་བ་རེ་བརྒྱད་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བཞི་ཡོད། དེའི་ནང་ཕྱི་རྒྱལ་གྱི་མི་བཅོ་ལྔ་ཡོད། ཕྱི་རྒྱལ་གྱི་འགྲུལ་བ་བཅོ་ལྔའི་ཁྲོད་རྒྱ་གར་གྱི་མི་ལྔ་དང་། ཨུ་རུ་སིའི་མི་བཞི། ཧན་གོའི་མི་གཉིས། དེའི་འཕྲོའི་མི་བཞི་ནི་སོ་སོར་ཨོ་སི་ཁྲུ་ལི་ཡཱ་དང་ཨིར་ལན། ཨ་ཀེན་ཐེན། ཧྥ་རན་སི་བཅས་ཀྱི་རེད། ནེ་པཱ་ལཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་དེའི་སྔོན་གསལ་སྒྲོག་སྤེལ་ཏེ། རྒུད་སྐྱོབ་མི་སྣས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ནས་བེམ་པོ་རེ་བརྒྱད་རྙེད་ཡོད་ཟེར། 

ཀ་ཏི་མན་ཏུའུ་ཡི་ཐི་ལི་པུའུ་ཝན་གོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྤྱི་གཉེར་བ་ཐཱ་ཁུའུ་ཨར་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གནམ་གྲུ་སར་ལྷུང་སྐབས་པའོ་ཁི་ལཱའི་ནམ་ཟླའི་གནས་ཚུལ་ཧ་ཅང་བཟང་བ་དང་། གནམ་གྲུ་སར་མ་ལྷུང་གོང་། ཁ་ལོ་བས་ཀྱང་ལག་རྩལ་ཆག་སྐྱོན་བྱུང་བའི་སྙན་ཞུ་བྱས་མེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།