ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་ཙུང་ཐུང་གིས་ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་དེ་སེར་ཝེ་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཆེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས་བཅུ་བཞི་ཉིན་སེར་ཝེ་ཡཱའི་བྱང་ཕྱོགས་ཀྱི་ནོའུ་ཝེ་སཱ་ཏི་གྲོང་ཁྱེར་ཉེ་འདབས་སུ་ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་ནོའུ་ཝེ་སཱ་ཏི་ནས་སུའུ་པའོ་ཏིས་ཁྲ་མཐའ་མཚམས་བར་གྱི་འཛུགས་སྐྲུན་ཡུལ་དངོས་སུ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་དེ་སེར་ཝེ་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་དང་། ལམ་འགྲམ་གྱི་གནས་སྐོར་གསར་སྤེལ། ཚོང་འགུག་དངུལ་འདྲེན་བཅས་ལ་གལ་འགངས་ཧ་ཅང་ཆེ་ཟེར། 

ཝུའུ་ཆི་ཆི་ཡིས་ཉིན་དེར་སེར་ཝེ་ཡཱའི་འཛུགས་སྐྲུན་དང་འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་བཅས་ཀྱི་པུའུ་ཀྲང་ཝེ་ཞི་ཆི་དང་། སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་པའོ་གཉིས་དང་མཉམ་དུ་ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་འཛུགས་སྐྲུན་ཡུལ་དངོས་སུ་རྟོག་ཞིབ་བྱས། 

ཝུའུ་ཆི་ཆི་ཡིས་ཡུལ་དངོས་སུ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མཉམ་ལས་རེ་འདོན་གྱི་དྲིན་ལས། ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་འཛུགས་སྐྲུན་དེ་སེར་ཝེ་ཡཱའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁག་ཅིག་ཏུ་གྱུར་ཡོད་ཟེར། ཝུའུ་ཆི་ཆི་ཡིས་ད་རུང་སེར་ཝེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་མཁན་དག་གིས་འབད་བརྩོན་ཆེན་པོ་བྱས་ནས་ལས་གཞིའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བར་བཀའ་དྲིན་ཞུས་པ་དང་། མིག་སྔར་བླངས་པའི་གྲུབ་འབྲས་ལ་དགའ་བོ་བྱུང་ཡོད་ཟེར། ཁོས་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་སྔར་ལས་མང་བའི་མཉམ་ལས་གྲུབ་འབྲས་ལོན་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

ཁྲིན་པའོ་ཡིས་བསྟན་དོན། ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་འཛུགས་སྐྲུན་དེ་སེར་ཝེ་ཡཱའི་འཕེལ་རྒྱས་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་གང་ལ་མཚོན་ནའང་དོན་སྙིང་གལ་ཆེན་ལྡན་ཟེར། ཁོ་མོས་བསྟན་དོན། ཀྲུང་གོའི་ཁེ་ལས་ཀྱིས་མུ་མཐུད་དུ་སྤུས་ཚད་གཙོར་འཛིན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། སེར་ཝེ་ཡཱའི་མཉམ་ལས་གྲོགས་པོའི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག སྔ་མོ་ནས་ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་ཡོངས་འགྲུབ་བྱེད་ཐུབ་ངེས་རེད་ཟེར། 

ཧང་ག་རི་དང་སེར་ཝེ་ཡཱའི་ལྕགས་ལམ་གྱི་སེར་ཝེ་ཡཱའི་ནང་ཁུལ་གྱི་ནོའུ་ཝེ་སཱ་ཏི་ནས་སུའུ་པའོ་ཏིས་ཁྲ་མཐའ་མཚམས་བར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱ་དང་བརྒྱད་ལྷག་ཡོད་པ་དང་། ཇུས་འགོད་བྱས་པའི་ཆེས་མཐོའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ་ཉིས་བརྒྱ་ཡིན་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།