ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨན་ཁོ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལོ་ཨན་ཏཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨན་ཁོ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་རྒྱལ་ས་ལོ་ཨན་ཏཱ་ནས་ཀྲུང་གོ་དང་ཨན་ཁོ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་བསྡུས། ཨན་ཁོ་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་དཔོན་པོ་ཀུང་ཐའོ་དང་། ཨན་ཁོ་ལཱའི་ནོར་སྲིད་པུའུ་ཀྲང་ཏཱ་ཝེ་སི། ཕྱི་འབྲེལ་རྒྱལ་སྲིད་དྲུང་ཡིག་མིན་ཏུང་སཱ་སོགས་ཨན་ཁོ་ལཱའི་དཔོན་རིགས། དེ་མིན་ཨན་ཁོ་ལཱ་རུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་ཕྱི་སྡོད་རང་མིའི་འཐུས་མི་བཅས་བསྡོམས་པས་མི་དྲུག་བརྒྱ་ཙམ་བྱ་འགུལ་ལ་ཞུགས། 

ཀུང་ཐའོ་ཡིས་ཞུ་ཚིག་ནང་བསྟན་དོན། ཀྲུང་གོ་དང་ཨན་ཁོ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོ་བསྟུད་མར་ལོ་འགའི་རིང་ལ་ཨན་ཁོ་ལཱའི་ཉོ་ཚོང་གྲོགས་པོ་ཆེན་མོ་དང་པོ་དང་ཕྱིར་གཏོང་ཚོང་ར་ཆེན་མོ། དངུལ་གཏོང་གི་ཡོང་ཁུངས་རྒྱལ་ཁབ་གལ་ཆེན་བཅས་ཡིན། ཨན་ཁོ་ལཱ་ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་ཉོ་ཚོང་གྲོགས་པོ་ཆེན་མོ་གཉིས་པར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཁོ་ལཱ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

མིན་ཏུང་སཱ་ཡིས་བསྟན་དོན། ཨན་ཁོ་ལཱའི་སྲིད་གཞུང་དང་མི་དམངས་དག་གིས་ཀྲུང་གོའི་ཨན་ཁོ་ལཱའི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་རོགས་རམ་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། རྒྱལ་ཁབ་གཉིས་ཀྱིས་སློབ་གསོ་དང་རྨང་གཞིའི་འཛུགས་སྐྲུན། འཕྲོད་བསྟེན། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དེ་ཕྱོགས་གཉིས་མཉམ་ལས་བྱེད་པའི་སྒུལ་ཤུགས་གསར་བར་གྱུར་ཡོད་པ་དང་། མ་འོངས་པའི་མཉམ་ལས་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཨན་ཁོ་ལཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བ་གོ་སྐབས་སུ་བཟུང་སྟེ། སྔར་ལས་ལྷག་པའི་སྒོག་ནས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

བྱ་འགུལ་སྤེལ་སྐབས་ད་རུང་ཀྲུང་གོ་དང་ཨན་ཁོ་ལཱའི་ལས་འབྲེལ་ཞེས་པའི་ཀྲུང་གོ་དང་ཨན་ཁོ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་བརྙན་རིས་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་སྤེལ་བ་དང་། བྱ་དགའ་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་ཡུལ་དངོས་ནས་ཚང་མར་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།