ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྙན་ཞུ་ལས་འཚོ་བའི་མ་རྩ་འཕར་བ་ནི་འཛམ་གླིང་ཡོངས་ཀྱི་ཆེས་ཚབས་ཆེ་བའི་དུས་ཐུང་ཉེན་ཁ་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་རི་ནེ་ཝ་རུ་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་བཅུ་གཅིག་ཉིན་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་ཡོངས་ཀྱི་ཉེན་ཁའི་སྙན་ཞུ་སྤེལ་ནས་བསྟན་དོན། འཚོ་བའི་མ་རྩ་འཕར་བ་ནི་འཛམ་གླིང་ཡོངས་ཀྱི་ཆེས་ཚབས་ཆེ་བའི་དུས་ཐུང་ཉེན་ཁ་ཞིག་ཡིན་པ་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དཀའ་བ་ནི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་ཆེས་ཚབས་ཆེ་བའི་དུས་ཡུན་རིང་བོའི་ཉེན་ཁ་ཞིག་རེད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། སྙན་ཞུ་དེས་འཛམ་གླིང་ཡོངས་ཀྱི་ཉེན་ཁའི་ཆེད་མཁས་པ་དང་སྲིད་ཇུས་གཏན་འབེབས་མཁན། ལས་རིགས་སོ་སོའི་སྣེ་ཁྲིད་པ་སོགས་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་གི་ལྟ་ཚུལ་དཔྱད་གཞིར་བཟུང་ཡོད། སྙན་ཞུ་དེས་མ་འོངས་པའི་ལོ་གཉིས་དང་མ་འོངས་པའི་ལོ་བཅུའི་དུས་ཚོད་ཀྱི་སྒྲོམ་གཞི་ལྟར། ཉེན་ཁའི་ཚབས་ཆེན་རང་བཞིན་རིམ་པ་བསྒྲིགས་ཡོད་ལ། སོ་སོར་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་དུས་ཡུན་ཐུང་ངུ་དང་དུས་ཡུན་རིང་བོའི་ཉེན་ཁ་ཆེན་པོ་བཅུ་བསྟན་ཡོད། 

དེའི་ནང་འཚོ་བའི་མ་རྩ་འཕར་བ་དང་རང་བྱུང་གནོད་འཚེའམ་ཐལ་དྲགས་པའི་ནམ་ཟླ། ས་ཁུལ་གྱི་དཔལ་འབྱོར་འགལ་བ་བཅས་འཛམ་གླིང་ཡོངས་ཀྱི་དུས་ཡུན་ཐུང་ངུའི་ཉེན་ཁར་བཞག་ཡོད་པ་དང་། ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བའི་ཕམ་ཉེས་དང་། ནམ་ཟླའི་འགྱུར་ལྡོག་དང་འཚམ་པར་བྱེད་པའི་ཕམ་ཉེས། རང་བྱུང་གནོད་འཚེ་དང་ཐལ་དྲགས་པའི་ནམ་ཟླ་བཅས་འཛམ་གླིང་ཡོངས་ཀྱི་དུས་ཡུན་རིང་བོའི་ཉེན་ཁར་བཞག་ཡོད། 

སྙན་ཞུ་ལས་བསྟན་དོན། འཁྲུག་རྩོད་དང་ས་ཁུལ་གྱི་དཔལ་འབྱོར་འགལ་བ་ལས་གཏིང་ཟབ་གཅིག་འབྲེལ་གྱི་འཛམ་གླིང་ཡོངས་ཀྱི་ཉེན་ཁ་རབ་དང་རིམ་པ་འབྱུང་བཞིན་ཡོད། མ་འོངས་པའི་ལོ་གཉིས་ནང་། ནུས་ཁུངས་དང་འབྲུ་རིགས་མཁོ་འདོན་དཀའ་བ་ལས་འཛམ་གླིང་ཡོངས་མུ་མཐུད་དུ་སྡུག་ལ་སྦྱོར་སྲིད་པ་དང་། འཚོ་བའི་མ་རྩ་དང་བུ་ལོན་འཇལ་བའི་མ་རྩ་མྱུར་མོར་འཕར་ངེས་རེད། དེའི་ཞོར་དུ་དུས་ཡུན་ཐུང་ངུའི་ཉེན་ཁ་དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ་སོགས་དུས་ཡུན་རིང་བོའི་འགྲན་རྩོད་ཐག་གཅོད་བྱེད་ཆེད་སྤེལ་བའི་འགུལ་སྐྱོད་སྣ་ཚོགས་ལ་གཏོར་བརླག་ཐེབས་སྲིད་ཟེར། 

སྙན་ཞུ་ལས་གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བ་དང་ནམ་ཟླར་འཚམ་པར་བྱེད་པའི་ཁྱབ་ཁོངས་ནས་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མཉམ་ལས་མ་ཐུབ་ཚེ། གོང་གི་ཉེན་ཁ་དེས་མ་འོངས་པའི་ལོ་ངོ་བཅུའི་ནང་མུ་མཐུད་དུ་འཛམ་གླིང་ཧྲིལ་བོ་ཇེ་དྲོར་འགྲོ་བ་དང་སྐྱེ་ཁམས་ཉམས་ཞན་དུ་གཏོང་ངེས་པའི་ཉེན་བརྡ་བཏང་། 

སྙན་ཞུ་ལས་བལྟས་ན། ཆེས་ཚབས་ཆེ་བའི་དུས་ཡུན་རིང་བོའི་ཉེན་ཁར་འགུལ་སྐྱོད་སྤེལ་བའི་སྒོ་གླེགས་བརྒྱག་བཞིན་ཡོད་པར་དམིགས་ཏེ། ཉེན་ཁ་མ་ཐོན་གོང་འཛམ་གླིང་ཡོངས་ཀྱིས་མཐུན་སྦྱོར་གཅིག་གྱུར་གྱི་ཐུན་མོང་འགུལ་སྐྱོད་སྤེལ་དགོས་པར་འདོད། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲ་ཞི་ཏིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། ཡང་དག་ལ་ཕན་ནུས་ལྡན་པའི་ཐབས་ཀྱིས་ཉེན་ཁ་དེ་དག་ཐག་གཅོད་བྱེད་དགོས་པ་དང་། མཉམ་ལས་དང་མཐུན་སྒྲིལ་གལ་འགངས་ཧ་ཅང་ཆེ་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།