ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ས་ཁུལ་མང་བོར་གནམ་གཤིས་ངན་པའི་ཤུགས་རྐྱེན་ཐེབས་ཏེ་ནུབ་ཕྱོགས་ས་ཁུལ་མང་བོས་དོགས་ཟོན་མཐོར་འདེགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཚུན་ལ། དགུན་ཁའི་དྲག་རླུང་གིས་ཨ་མེ་རི་ཁའི་ས་ཁུལ་མང་བོར་གནོད་པ་བཟོས་ཡོད། ཨ་མེ་རི་ཁའི་ནུབ་ཕྱོགས་མཚོ་འགྲམ་གྱི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེ་རུ་དྲག་རླུང་དང་དྲག་ཆར་གྱི་འཇིགས་པ་བྱུང་སྟེ། ཆུ་ལོག་སོགས་གནོད་འཚེ་བྱུང་སྟེ་ས་ཁུལ་སྐོར་ཞིག་ཏུ་གློག་ཆད་ཡོད་ལ། ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེ་ཡིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ས་དེའི་དཔོན་རིགས་ཀྱིས་བསྟན་དོན། གནམ་གཤིས་ངན་པས་མ་འོངས་པའི་ཉིན་བདུན་ནས་ཉིན་བཅུའི་བར་བསྟུད་མར་ས་ཁུལ་དེར་གནོད་པ་ཐེབས་སྲིད་ཟེར། ཅིག་ཅིན་ཧྲན་མཚོ་ཁུགས་ས་ཁུལ་དུ་མི་ས་ཡ་བརྒྱད་ལྷག་ལ་ཉེན་བརྡ་འབྱོར་ཡོད་པ་རེད། 

ནེ་ཧྭ་ཏཱ་མངའ་སྡེ་དང་ཏཱ་ཁི་ཐཱ་ལྷོ་མ་མངའ་སྡེ་སོགས་སུ། དགུན་ཁའི་དྲག་རླུང་ལས་ཁ་བ་ཆེན་པོ་བབས་ཏེ་ཁ་བ་གཙང་ཕྱགས་བྱེད་པའི་བྱ་བར་ཤུགས་རྐྱེན་ཐེབས། ཁ་བ་ཆེན་པོ་ལས་ད་རུང་མེན་ནེ་སུའུ་ཏཱ་མངའ་སྡེའི་གནམ་གྲུ་མང་བོ་གཏོང་མཚམས་བཞག་པའམ་འགོར་འགྱངས་བྱས་ནས། གནས་སྐོར་བ་མང་བོ་གནམ་གྲུ་ཐང་དུ་ལུས་ཡོད། 

ཨ་མེ་རི་ཁའི་ཤར་ལྷོའི་ས་ཁུལ་གྱི་ཡཱ་ལཱ་པཱ་མཱ་མངའ་སྡེ་རུ་རླུང་འཚུབ་དང་སེར་བའི་འཇབ་རྒོལ་ཐེབས། དེ་ལས་གཞན་ལུའུ་དབྱེ་སི་ཨན་ནཱ་མངའ་སྡེ་དང་ཙོ་ཀྲི་ཡཱ་མངའ་སྡེ། ཧྥོ་ལོ་ལི་ཏཱ་མངའ་སྡེ་བཅས་ཀྱི་ས་ཁུལ་མང་བོས་རླུང་འཚུབ་དང་དྲག་ཆར་འབབ་པའི་ཉེན་བརྡ་བཏང་ཡོད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཨ་མེ་རི་ཁའི་ཤར་ལྷོའི་ས་ཁུལ་དུ་མི་བྱེ་བ་གསུམ་ལྷག་ལ་དགུན་ཁའི་དྲག་རླུང་གི་ཤུགས་རྐྱེན་ཐེབས་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།