ཀྲུང་གོ་བོད་ཀྱི་དྲ་བ།

ཙེ་ལེན་སི་ཅི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ་དང་ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་ལ་ཉེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རང་ཉིད་ཉིན་དེར་ལམ་དུ་ཆས་ཏེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་དུ་འགྲོ་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་ལ་ཉེ་བ་དང་། ཨུ་རུ་སིའི་མངའ་ཁོངས་ཡོད་ཚད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཙེ་ལེན་སི་ཅི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཐེངས་འདིར་ཨ་མེ་རི་ཁར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ཟེར། དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཙེ་ལེན་སི་ཅི་ཡིས་ཐོག་དང་པོར་རྒྱལ་ཁབ་གཞན་པར་འཚམས་འདྲི་བྱས་པ་རེད། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། ཁོས་ད་རུང་ཨ་མེ་རི་ཁའི་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་རྒྱུ་མ་ཟད་ཕྱོགས་གཉིས་ཀྱི་གྲོས་མོལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་ཡིས་ཙེ་ལེན་སི་ཅིའི་ཨ་མེ་རི་ཁའི་འགྲུལ་བཞུད་ལ་རེ་སྒུག་ཆེན་པོ་བྱས་མེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཙེ་ལེན་སི་ཅིའི་ཐེངས་འདིའི་འགྲུལ་བཞུད་རྗེས་སུ་བཅོས་བསྒྱུར་བཟང་བོ་འབྱུང་བར་ཡང་རེ་སྒུག་བྱས་མེད་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་རྒྱུན་ཆད་མེད་པར་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱས་པ་དེ་ཝུའུ་ཁི་ལན་ཕྱོགས་ལ་མཚོན་ན་སྣང་ཚུལ་བཟང་བོ་ཞིག་མ་རེད་ཟེར། 

ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ལས་འགན་ཡོངས་འགྲུབ་བྱེད་ལ་ཉེ་བ་དང་། ཨུ་རུ་སིའི་མངའ་ཁོངས་ཡོད་ཚད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་དམག་དོན་བཟོ་ལས་ཕྱོགས་བསྡུས་ཚོགས་པའི་འཆར་གཞི་ཚང་མ་དངོས་འབེབས་རྒྱུ་ཡིན་པ་དང་། དམག་དཔུང་གི་གྲོན་དངུལ་ཐད་ཚད་བཀག་མེད་ལ། རྒྱལ་ཁབ་ཀྱིས་དམག་དཔུང་ལ་དགོས་མཁོ་གང་ཡོད་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སིའི་འཐབ་ཇུས་ཉིང་རྡུལ་ནུས་པའི་དེང་རབས་ཅན་གྱི་མཚོན་ཆའི་ཆུ་ཚད་བརྒྱ་ཆའི་གོ་གཅིག་ལས་བརྒལ་ཡོད་ཀྱང་། དམིགས་བསལ་དམག་དོན་འགུལ་སྐྱོད་ལས་ཨུ་རུ་སིའི་དམག་དཔུང་གི་འཕྲིན་གཏོང་དང་རང་འགུལ་བཀོད་འདོམ་དང་ཚོད་འཛིན་མ་ལག་སོགས་ཐད་ཀྱི་གནད་དོན་མངོན་ཡོད་པས་ཐག་གཅོད་བྱེད་དགོས་ཟེར། ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་བཏོན་པའི་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་དམག་དཔུང་ལ་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་པའི་སྐོར་གྱི་གྲོས་གཞིར་ཡིད་འཐད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།