ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་ཙུང་ཐུང་ལ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་རེ་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་གཡས་ཕྱོགས་སྲིད་ཏང་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བརྒྱད་ཉིན་ཙུང་ཐུང་ཧི་ཨར་ཙོ་ཀི་ལ་རེ་ཞུ་བཏོན་ཏེ། ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་བར་གྱི་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ཡུན་ཚད་དེ་ཉིན་བཅུ་བཞི་ཡིས་ཇེ་རིང་དུ་གཏོང་རྒྱུའི་རེ་བ་བཏོན། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཀྱང་། སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་རེ་འགའི་བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་པར་དུས་ཚོད་ངེས་ཅན་དགོས་པས། མཇུག་མཐའི་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་གྲོས་མཐུན་ད་རུང་འགོད་ཐུབ་མེད་རྐྱེན་སྲིད་འཛིན་ལས་ཁུངས་ཀྱི་རྩ་འཛུགས་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུའི་རེ་ཞུ་བྱས་པ་ཡིན་ཟེར། 

ཧི་ཨར་ཙོ་ཀི་ཡིས་ཡུན་ཚད་ཇེ་རིང་དུ་གཏོང་བའི་རེ་ཞུ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

དབྱི་སི་རལ་གྱི་ལྟ་སྐྱོང་ཙུང་ལི་ལཱ་ཕིས་ཏི་ཡིས་མགོ་ཁྲིད་པའི་མ་འོངས་པ་ཡོད་ཅེས་པའི་ཏང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཡུན་ཚད་ཇེ་རིང་དུ་གཏོང་བའི་རེ་ཞུ་བཏོན་པ་ལས་ནེ་ཐཱ་ནི་ཡཱ་ཧུའུ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་གྲོས་མོལ་ཁྲོད་གཉོམ་ཆུང་ནུས་མེད་ཡིན་པ་མངོན་པར་མཚོན་ཡོད་ཟེར། 

དབྱི་སི་རལ་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྐབས་ཉེར་ལྔ་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡི་གཡས་ཕྱོགས་སྲིད་ཏང་ལ་གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུའི་ཁྲོད་ཀྱི་ལས་གནས་རེ་བཞི་ཐོབ། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཧི་ཨར་ཙོ་ཀི་ཡིས་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་པ་ནེ་ཐཱ་ནི་ཡཱ་ཧུའུ་ལ་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་དངོས་སུ་བསྩལ། སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ཡུན་ཚད་ཉིན་ཉེར་བརྒྱད་ཡིན་པ་དང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཡུན་ཚད་ཉིན་བཞི་བཅུས་ཇེ་རིང་དུ་གཏོང་བའི་རེ་ཞུ་བྱེད་པའི་དབང་ཆ་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།