ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་སྤྱི་དམངས་པུའུ་ཐི་དང་ཨ་མེ་རི་ཁའི་བུད་མེད་ལུས་རྩལ་པ་ཀི་ལི་ནཱ་གཉིས་ཨ་པུའུ་ཀྲ་པུས་གནམ་གྲུ་ཐང་ནས་བརྗེ་སྤོར་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་གནམ་གྲུ་ཐང་ནས་བཙོན་འཇུག་བྱེད་པའི་མི་སྣ་བརྗེ་སྤོར་བྱེད་པའི་འགྲོ་ལུགས་ཡོངས་འགྲུབ་བྱས་ཏེ། ཨུ་རུ་སིའི་སྤྱི་དམངས་པུའུ་ཐི་དང་ཨ་མེ་རི་ཁའི་བུད་མེད་ལུས་རྩལ་པ་ཀི་ལི་ནཱ་གཉིས་བརྗེ་སྤོར་བྱས་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་པུའུ་ཐི་བརྗེ་སྤོར་བྱེད་པའི་ཐད་ནས་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་བྱ་བ་དེར་སྐུལ་འདེད་བཏང་བ་ཡིན་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པུའུ་ཐི་མིག་སྔར་ཕྱིར་ཨུ་རུ་སིར་ལོག་པའི་གནམ་གྲུར་བསྡད་ཡོད་པ་དང་། པུའུ་ཐི་དང་ཀི་ལི་ནཱ་གཉིས་བརྗེ་སྤོར་མ་བྱས་གོང་ནས་བཙོན་གྲོལ་བཏང་ཡོད་ལ། དེ་ལས་ཁོ་གཉིས་ཕྱིར་རྒྱལ་ནང་དུ་ལོག་རྗེས་མུ་མཐུད་དུ་བཙོན་འཇུག་བྱེད་དགོས་མེད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཀི་ལི་ནཱ་བཙོན་གྲོལ་བཏང་སྟེ་གནམ་གྲུར་བསྡད་ནས་ཕྱིར་ཨ་མེ་རི་ཁར་ལོག་བཞིན་ཡོད་པ་བདེན་དཔང་བྱས། པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀི་ལི་ནཱ་བཙོན་གྲོལ་གཏོང་བར་འགན་སྲུང་བྱེད་ཆེད་དུས་ཡུན་རིང་བོར་འབད་འབུངས་བྱས་ནས། ཨུ་རུ་སིའི་བར་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་ཡིན་ཟེར། ཁོས་ད་རུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་དོན་དེར་རོགས་འདེགས་བྱས་པར་བཀའ་དྲིན་ཞུས། 

ཕོ་བྲང་དཀར་པོའི་དཔོན་པོ་ཞིག་གིས་དེའི་རྗེས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཀི་ལི་ནཱ་བཙོན་གྲོལ་གཏོང་བའི་བརྗེ་སྤོར་ཆ་རྐྱེན་དུ། པེད་ཏིན་གྱིས་སྲིད་འཛིན་བཀའ་རྒྱ་བཏང་སྟེ་ཨ་མེ་རི་ཁར་ལོ་ངོ་བཅུ་གཉིས་ལ་བཙོན་འཇུག་བྱས་པའི་པུའུ་ཐི་སྔ་སྣུར་གྱིས་བཙོན་གྲོལ་བཏང་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།