ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལུའུ་ཨ་ཐི་ཡིས་དམ་བཅའ་བཞག་སྟེ་ཕེ་རུའི་ཙུང་ཐུང་གསར་བའི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་ཙུང་ཐུང་གཞོན་པ་པའོ་ལུའུ་ཨ་ཐི་ཡིས་ཚེས་བདུན་ཉིན་རྒྱལ་ཚོགས་ནས་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་ཁུར་བ་དང་། ཉིན་དེར་རྒྱལ་ཚོགས་ཀྱིས་ནག་ཉེས་ཐེར་འདོན་བྱས་ཏེ་ལས་འགན་བླངས་པའི་ཁཱ་སི་ཏིས་ལོས་ཀྱི་ཚབ་བྱས། 

པའོ་ལུའུ་ཨ་ཐི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས་གཏམ་བཤད་སྤེལ་ནས། སྲིད་གཞུང་དང་རྒྱལ་ཚོགས་ཀྱིས་ཆབ་སྲིད་འཐབ་རྩོད་མཚམས་འཇོག་པ་དང་། ཏང་ཁག་སོ་སོའི་བར་གྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ནས་སྔར་ལས་འཐུས་ཚབ་རང་བཞིན་ལྡན་ཞིང་སྔར་ལས་མཐུན་སྒྲིལ་ཡིན་པའི་སྲིད་འཛིན་ལས་ཁུངས་ཤིག་རྩ་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བསྟན་དོན། ཕེ་རུ་སྲིད་གཞུང་དང་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་རུལ་སུངས་ལ་ཆམ་ཕབ་བཏང་ནས། རྒྱལ་ཁབ་དེ་ཟང་ཟིང་དང་ཉམས་ཉེན་གྱི་གནས་སུ་ལྷུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

ཁཱ་སི་ཏིས་ལོས་ཀྱིས་ཚེས་བདུན་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་ལ་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱལ་ཚོགས་གཏོར་ནས་བྲེལ་མྱུར་སྲིད་གཞུང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས། ཕེ་རུ་རྒྱལ་ཚོགས་ཀྱིས་དེའི་རྗེས་སུ་བྲེལ་མྱུར་གྱི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཀུན་སྤྱོད་མི་ལེགས་ཤིང་ནུས་པ་མེད་པ་རྒྱུ་མཚན་དུ་བྱས་ཏེ་འདེམ་ཤོག་འཕངས་ནས་ཁཱ་སི་ཏིས་ལོས་ཀྱི་ནག་ཉེས་ཐེར་འདོན་གྲོས་གཞིར་གྲོས་མཐུན་བཀོད་པ་དང་། ཁོའི་ཙུང་ཐུང་གི་ལས་འགན་བླངས་པ་རེད། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཁཱ་སི་ཏིས་ལོས་ཉིན་དེར་ཙུང་ཐུང་བཞུགས་ཤག་དང་བྲལ་ནས་ཅང་མ་འགོར་བར་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ས་ལེ་མཱའི་གནས་ཤིག་ཏུ་བཀག་འགོག་བྱས་པ་རེད་ཟེར། 

ཕེ་རུའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་འགན་ནུས་ལག་བསྟར་བྱེད་མི་ཐུབ་པའི་སྐབས་སུ། ཙུང་ཐུང་གཞོན་པས་ཚབ་བྱས་ཆོག ད་ལོར་ལོ་དྲུག་ཅུ་ཡིན་པའི་པའོ་ལུའུ་ཨ་ཐི་ནི་གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོའི་ཟླ་ལྔ་བར་ཕེ་རུའི་ལྷོ་ངོས་ཀྱི་ཁྲ་ཨར་ཝན་ཁཱ་གྲོང་ཁྱེར་ནས་སྐྱེས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པ་ནས་བཟུང་ཕེ་རུའི་ཙུང་ཐུང་གཞོན་པའི་འགན་ཁུར་བ་རེད། དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས། པའོ་ལུའུ་ཨ་ཐི་ནི་ཕེ་རུའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར་བ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།