ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དཔལ་འབྱོར་གྱིས་ཕུགས་འདུན་སྙེག་བཞིན་མདུན་དུ་བསྐྱོད།

ཡོང་ཁུངས། : ཀྲུང་གོ་གསར་འགྱུར་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འབད་བརྩོན་ལྷོད་མེད་ཀྱིས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བརྗེ་འགྱུར་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་བརྗེ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྤོར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་འབོར་ལུགས་མཐུན་ངང་འཕར་བ་དང་། སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། འདས་ཟིན་པའི་ལོ་ངོ10ཡི་ནང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་བརྒྱུད། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གྱིས་འཛུགས་བསྐྲུན་བྱེད་པ་དང་། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས། ཞི་ཅིན་ཕིང་གིས་གསུང་རྒྱུར། སྤུས་མཐོའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་ནི་ཏང་གིས་སྲིད་འཛིན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་ཡིན། དངོས་ཡོད་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་མེད་ན་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་མི་ཐུབ།

འཕྲུལ་ཆས་ཀྱི་འཁོར་སྒྲས་ཁེངས་པའི་བཟོ་གྲྭའི་འཁོར་ཁང་དང་། ཚ་ཚ་འུར་འུར་ངང་ལས་དོན་སྒྲུབ་བཞིན་པའི་འཛུགས་སྐྲུན་ལས་གནས། སྐར་ཆ་རེ་རེ་དམ་འཛིན་བྱེད་པའི་འགག་སྒྲོལ་ཡུལ་དངོས་བཅས་སུ། འདས་ཟིན་པའི་ལོ་ངོ10ཡི་རིང་། བགྲང་ལས་འདས་པའི་ཕུགས་འདུན་དོན་དུ་གཉེར་མཁན་དག་གིས་སྙིང་སྟོབས་ཆེར་སྐྱེད་དང་ལྷོད་གཡེང་སྤུ་ཙམ་ཡང་མེད་པར། རང་རྒྱལ་གྱི་གཞུང་གཏོགས་ཁེ་ལས་ཀྱི་རྒྱུ་འབྱོར་ལྡབ2.6འཕར་བ་དང་། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ལྡབ་གཉིས་འཕར། སྒེར་གཉེར་བཟོ་ཚོང་ཁྱིམ་དུད་ཀྱི་གྲངས་འབོར་དུང་ཕྱུར1.09ལས་བརྒལ། ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་གྱི་གྱོན་ཆས་ཐོན་སྐྱེད་ཁེ་ལས་ཤིག་ཏུ། ད་སོ་མ་བཟོས་པའི་སྲིང་བལ་སྟོད་གོས5000ལྷག་ཙམ་ཕྱི་རྒྱལ་དུ་སྐྱེལ་འདྲེན་བྱེད་གྲབས་ཡོད་པ་དང་། ཀུང་སིའི་ལས་སྒོའི་སྤྱི་གཉེར་བ་ལི་ཝུན་ཤིའུ་ཡིས་བཤད་རྒྱུར། དུས་ཚིགས་གསུམ་པར་བྲིན་ཚོང་བྱེད་ཚད་ཨ་སྒོར་ཁྲི1000ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས48%འཕར་ཡོད། སྔོན་དཔག་བྱས་ན་ད་ལོར་ང་ཚོའི་བྲིན་ཚོང་བསྡོམས་འབོར་ལོ་ཧྲིལ་པོར་ཨ་སྒོར་ཁྲི3700ཟིན་སྲིད་པ་དང་། ཐོག་མའི་འཆར་གཞིའི་དམིགས་ཚད་ལས་ཆེས་ཆེར་བརྒལ་སྲིད།

ཀྲང་ཏ་མྱུར་བགྲོད་ལྕགས་ལམ་གྱིས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་བར་འབྲེལ་མཐུད་བྱུང་ཞིང་། དེ་ནི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གནད་ཆ་སྦྱོར་ལས་གྲྭ་ཞིག་ཡིན། སྐབས་དེར་ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་བདུན་པའི་སྒྲོམ་འདིང་ཡན་ལག་ཀུང་སིའི་ཀྲང་ཏ་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ལི་ཤང་ཅུན་གྱིས་ཕྱིར་དྲན་བྱེད་སྐབས། ཕ་ཡུལ་ལ་འཕེལ་རྒྱས་ཀྱི་ལམ་ཆེད་འདིང་ཆེད། ང་ཚོས་གྲང་ངར་ཆེ་བའི་གནམ་ཟླ་སོགས་དཀའ་ངལ་ཁྱད་དུ་བསད་ནས་ཉིན8ཀྱི་དུས་ཚོད་ནང་། ཉིན་མཚན་རེས་མེད་ཀྱིས་ཀྲང་ཏ་མྱུར་བགྲོད་ལྕགས་ལམ་གྱི་ཐན་ཀྲེན་འབས་ཚུགས་ཀྱི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱས་པ་ཡིན།

ལི་ཞང་ཅུན་གྱིས་བཤད་རྒྱུར། ལོ10པོའི་རིང་། རང་ཉིད་སྔ་རྗེས་སུ་ཐང་ཚའོ་ལྕགས་ལམ་དང་ཀོང་རའོ་ལྕགས་ལམ་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགན་ནང་ཞུགས་པ་ཡིན། མང་ཚོགས་རྣམས་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་འགྲོ་པ་དང་། ཚང་མས་རླངས་འཁོར་བསྐོར་ནས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་པ་མཐོང་སྐབས་སྤོབས་པ་ཆེན་པོ་ཁེངས་ཡོད།

འཚོ་སྡོད་ཁོར་ཡུག་ནས་འཚོ་བའི་སྤུས་ཚད་བར་དང་། ཟས་གོས་འགྲོ་འདུག་ནས་སློབ་གསོ་སྨན་བཅོས་བར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་པ་བསྐྲུན་ཡོད། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2021ལོར2012ལོ་ལས་དངོས་ཡོད་འཕར་ཚད78%རེད། ལོ10ཡི་ནང་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་དུང་ཕྱུར1.3གསར་དུ་ལས་ཞུགས་བྱས། གཞི་རྩའི་སྨན་བཅོས་དང་རྒན་གསོ་འགན་བཅོལ་ཁག་སོ་སོ་མི་དུང་ཕྱུར13.6དང་མི་དུང་ཕྱུར10.4ལ་ཁྱབ་ཡོད། ཀྲུང་དབྱང་ནོར་སྲིད་གཞུང་ལས་ཁང་གི་རྒྱུན་ལྡན་ལས་དོན་གྱི་འགན་འཁུར་པ་ཀྲུའུ་རེན་གཞོན་པ་ཧན་ཝུན་ཤིའུ་ཡིས་བཤད་རྒྱུར། ང་ཚོས་འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོ་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ཡོད། ཡོང་འབབ་འབྲིང་ཤས་ཀྱི་མི་ཚོགས་ཀྱི་བསྡུར་ཚད་དེ1/4ཙམ་ནས1/3བར་མང་དུ་ཕྱིན་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་ཕྱིན།

དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་མཉམ་ལས་གཉིས་ཕན་དང་ཁ་འབྲལ་ཐབས་མེད། ཡུན་ནན་ཞིང་ཆེན་ཅིང་ཧུང་གྲོང་ཁྱེར་དུ་གནས་པའི་ཡེ་ཞང་ཀུའུ་འབས་ཚུགས་ཟོག་འདྲེན་ར་བའི་ནང་། ལྕགས་ཕྱེ་ཏུན1400ལྷག་ཙམ་བླུགས་པའི་ཀྲུང་གོ་དང་ལོ་སིའི་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཞིག་གནས་འདི་ནས་ལམ་ལ་ཆས། ལྕགས་ལམ་ཐོག་གི་དངོས་ཟོག་སྐྱེལ་འདྲེན་བ་ཁྲེན་ཧའེ་ཚན་གྱིས་བཤད་རྒྱུར། དངོས་ཟོག་གཙོ་བོ་ནི་མེང་གཏེར་དང་ལྕགས་ཞིབ་གཏེར་ཕྱེའི་རིགས་ཡིན་པ་མ་ཟད། ད་དུང་རྫ་དཀར་བཟོ་ཆས་ཀྱི་ས་རྒྱུ་ཡང་ཡོད།

ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་གཅིག་འཁོར་ལ་ཉེ། གྲོགས་ཚོམསཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ཕན་པ་ཐོབ་མཁན་ཡང་དེ་བས་རྒྱ་ཆེར་ཕྱིན། ཧིན་རྡུ་ཉི་ཞི་ཡའི་ཡཱ་བན་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གཅིག་བསྐྱར་དུ་བསྣན། ལོ10ཡི་རིང་ང་ཚོས་སྔར་བས་སྒོ་འབྱེད་རྣམ་པའི་ཐོག་ནས་འཛམ་གླིང་དང་འབྲེལ་མཐུད་བྱས་ཏེ་གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། མ་འོངས་པའི་ལོ་ལྔའི་རིང་། དཔལ་འབྱོར་སྤུས་མཐོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཐོད་བརྒལ་གསར་པ་ཡོང་དགོས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེན་ཞི་ཡིས་བཤད་རྒྱུར། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་འཕེལ་རྒྱས་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ནོར་འཕྱུགས་མེད་པར། ཁྱོན་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་གྱི་རྣམ་པ་གསར་པ་མགྱོགས་མྱུར་གྱིས་གཏོད་པ། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།