ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་ནང་འདྲེན་བྱེད་སྒོ་དེ་ཚོང་ར་གསར་བའི་ཕྱོགས་སུ་བསྒྱུར་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་ཡིས་བྱེད་ཐབས་སྤྱད་དེ་ནང་འདྲེན་བྱེད་སྒོ་དེ་ཚོང་ར་གསར་བའི་ཕྱོགས་སུ་བསྒྱུར་བཞིན་ཡོད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཅི་ཧྥུའུ་ནས་བསྟན་དོན། ཝུའུ་ཁི་ལན་ལ་དེང་རབས་ཀྱི་མཁའ་སྲུང་དང་འཕུར་མདའི་འགོག་སྲུང་མ་ལག་མཁོ་གལ་ཆེ་བ་དང་། ཝུའུ་ཁི་ལན་གྱི་ནུས་ཁུངས་མ་ལག་ལ་རྒྱབ་སྐྱོར་ཐོབ་དགོས་ཟེར། 

ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་སྐབས་བཅོ་བརྒྱད་པའི་ཨུ་རུ་སི་དང་ཧཱ་སག་སི་ཐན་གྱི་ས་ཁོངས་བརྒལ་བའི་མཉམ་ལས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱལ་སྤྱིའི་ཉོ་ཚོང་ད་ལྟ་ཉམས་ཉེན་གྱི་གནས་སུ་ཡོད་པས། ཨུ་རུ་སི་ཡིས་གཞི་རྒྱ་ཆེ་བའི་བྱེད་ཐབས་སྤྱད་དེ་ནང་འདྲེན་བྱེད་སྒོ་དེ་ཚོང་ར་གསར་བའི་ཕྱོགས་སུ་བསྒྱུར་བཞིན་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས་རྒྱལ་སྤྱིའི་སྐྱེལ་འདྲེན་རྒྱུ་ལམ་གསར་བ་གསར་འབྱེད་བྱེད་བཞིན་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཚེས་ཉེར་བརྒྱད་ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཨེ་སོ་ནི་ཡཱ་དང་ལཱ་ཐའོ་ཝེ་ཡཱ། ལི་ཐའོ་ཝན། འཁྱག་གླིང་། ནོར་ཝེ། ཧྥུན་ལན། སུའེ་ཏེན་བཅས་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས། ཙེ་ལེན་ཅི་སི་ཡིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་དུ་འཚམས་འདྲི་བྱས་པ་ནི་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད་ཟེར། ཁོས་བསྟན་དོན། དགུན་ཁ་བསླེབ་པ་དང་བསྟུན་ནས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད་པས། ཝུའུ་ཁི་ལན་ཕྱོགས་ལ་དེང་རབས་ཅན་གྱི་མཁའ་སྲུང་དང་འཕུར་མདའི་འགོག་སྲུང་མ་ལག་ཐད་ནས་རོགས་སྐྱོར་ཐོབ་པར་དགོས་གལ་ཆེ་བ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་ནུས་ཁུངས་མ་ལག་ལ་རྒྱབ་སྐྱོར་ཐོབ་དགོས་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་བརྒྱད་ཉིན་རོ་མཱ་ནི་ཡཱའི་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་ནས་བཤད་རྒྱུར། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་རྒྱབ་སྐྱོར་ལ་ཇི་ལྟར་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མཁའ་སྲུང་མ་ལག་ལ་ཤུགས་སྣོན་པའི་རོགས་སྐྱོར་ཡང་འདུས་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་གྲོས་མོལ་ལ་བརྟེན་ནས་མཇུག་སྒྲིལ་ངེས་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།