དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་དང་ཨ་མེ་རི་ཁའི་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་འགལ་བ་གསུམ་གནས་ཡོད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་གྲོས་མོལ་ཁྲོད་དུ་གཙོ་བོ་གནད་དོན་གསུམ་གྱི་ཐད་འགལ་བ་གནས་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་དབྱི་ལིང་ཕྱི་འབྲེལ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འགལ་བ་དང་པོ་ནི་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་གནས་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། འགལ་བ་གཉིས་པ་ནི་དབྱི་ལིང་གིས་དཔལ་འབྱོར་འགན་སྲུང་ཐོབ་པར་བྱས་ཏེ་ཕྱི་རྒྱལ་གྱི་ཀུང་ཟི་དག་ལ་དབྱི་ལིང་དུ་དངུལ་གཏོང་བྱེད་པའི་ཡིད་ཆེས་ཡོད་པར་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་དེ་ཡིན། འགལ་བ་གསུམ་པ་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བཀག་སྡོམ་བྱེད་ཐབས་དེ་རྒྱལ་ཁབ་གསུམ་པར་རྒྱ་བསྐྱེད་མི་རུང་བའི་རེ་བ་བཏོན་ཡོད་པ་དེ་ཡིན་ཟེར། 

ཁོས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་འགལ་བ་དེ་དག་གི་ཐད་ནས་དབྱི་ལིང་དང་ཨ་མེ་རི་ཁའི་བར་དུ་བར་འདུམ་བྱེད་བཞིན་ཡོད། དབྱི་ལིང་དང་ཨ་མེ་རི་ཁས་སྔར་བཞིན་ཕྱོགས་ཁག་གཞན་པ་བརྒྱུད་དེ་བརྡ་འཕྲིན་བརྗེ་སྤོར་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་བརྒྱུད་སྒྲོག་བྱས་པའི་བརྡ་འཕྲིན་ལས་ལངས་ཕྱོགས་ལ་འགྱུར་ལྡོག་ཆེ་བས། དབྱི་ལིང་ཨ་མེ་རི་ཁར་ཡིད་ཆེས་མེད་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།