ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་དགུ་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ཁམ་ཕུ་ཀྲེ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དགུ་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཁམ་ཕུ་ཀྲེའི་ཞན་ལེ་ནས་བསྡུས་པ་དང་། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝེ་ཧྥུན་ཧི་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ། 

ཝེ་ཧྥུན་ཧི་ཡིས་བཤད་རྒྱུར། ད་སོ་མ་རྒྱལ་ཁའི་ངང་བསྡུས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་རླབས་ཆེན་ཇུས་གཞི་གཏན་འབེབས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་ཁོ་ཐག་ཡིན། མིག་སྔར་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐད་འགྲན་རྩོད་ཆེན་པོ་གནས་ཡོད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་ནི་ཡང་དག་པའི་གདམ་གསེས་ཤིག་དང་མདུན་ལམ་ཡིན་པས། རྒྱལ་ཁབ་སོ་སོར་མཐུན་སྒྲིལ་མཁོ་བ་ལས་ཁ་འབྲལ་མི་མཁོ་བ་དང་། དྲང་བདེན་མཁོ་བ་ལས་ལུགས་མེད་བཙན་དབང་མི་མཁོ། སྒོ་འབྱེད་མཁོ་བ་ལས་འགོག་སྡོམ་མི་མཁོ། གཉིས་ཕན་མཁོ་བ་ལས་རང་གཅིག་པུའི་ཁེ་དབང་མི་མཁོ། ཕྱོགས་སོ་སོའི་རེ་འདོད་བསྐང་བ་དང་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པའི་ས་ཁོངས་ཀྱི་སྒྲིག་ལམ་ཞིག་མཉམ་དུ་གསར་འཛུགས་དང་དེར་སྲུང་སྐྱོབ་བྱེད་དགོས་ཟེར། 

ཝེ་ཧྥུན་ཧི་ཡིས་བསྟན་དོན། ཀྲུང་གོ་ཡིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ལ་གཏན་འཇགས་རང་བཞིན་ཇེ་ཆེར་གཏོང་བ་དང་དྲང་ཕྱོགས་ནུས་ཚད་འདོན་སྤྲོད་བྱེད་པར་འབད་བཞིན་ཡོད། ཀྲུང་གོའི་ཞི་བདེ་དང་འཕེལ་རྒྱས་ལས་འཛམ་གླིང་ཡོངས་ཀྱི་ཐུན་མོང་འཕེལ་རྒྱས་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱེད་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་ཐོན་སྲིད། ཀྲུང་གོའི་དམག་དཔུང་ནི་ཞི་བདེའི་དམག་དཔུང་ཡིན་ལ། རྒྱལ་ཁབ་སོ་སོའི་དམག་དཔུང་དང་མཉམ་དུ་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཞི་བདེ་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། 

གྲོས་ཚོགས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་བློན་ཆེན་གྱི་རྒྱ་བསྐྱེད་གྲོས་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་འཆམ་མཐུན་བདེ་འཇགས་མཉམ་འཛུགས་བྱེད་པའི་སྐོར་གྱི་མཉམ་འབྲེལ་བསྒྲགས་གཏམ་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་། 

གྲོས་ཚོགས་སྐབས་སུ། ཝེ་ཧྥུན་ཧི་ཡིས་སོ་སོར་ཨ་མེ་རི་ཁ་དང་ཡོ་ནན། ལའོ་ཝའོ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། ཧན་གོ་སོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་དང་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གཞོན་པ་བཅས་ལ་ཐུག་འཕྲད་བྱས་ཏེ། དམག་དཔུང་གི་མཉམ་ལས་ལ་ཤུགས་སྣོན་པ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།