ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཁུ་པ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་གོང་སྤེལ་དུ་གཏོང་དགོས་པའི་གསལ་བསྒྲགས་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་འཚམས་འདྲིར་ཡོང་བའི་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ན་ཨར་ལ་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་གོང་སྤེལ་དུ་གཏོང་དགོས་པའི་གསལ་བསྒྲགས་གནང་། 

ཨུ་རུ་སུའི་སྲིད་འཛིན་གྱི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་གནང་སྐབས། ཨུ་རུ་སུ་ཡིས་མུ་མཐུད་དུ་ཁུ་པ་མི་དམངས་ཀྱིས་རང་དབང་དང་བདག་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཁུ་པ་ལ་དམིགས་ནས་ཚོད་འཛིན་དང་སྐྱེལ་འདྲེན་བཀག་སྡོམ་བྱེད་པར་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་གར་སྟེགས་སྟེང་ཁུ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨུ་རུ་སུ་དང་ཁུ་པ་རྒྱལ་ཁབ་གཉིས་ཀྱིས་མིག་སྔར་རྐང་བཙུགས་ནས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན། 

ཏི་ཡ་སི-ཁ་ན་ཨར་གྱིས་བསྟན་དོན། ཁུ་པ་ཕྱོགས་ནས་ཨུ་རུ་སུས་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་མ་ཟད། མུ་མཐུད་ནས་འབད་བརྩོན་ལྷོད་མེད་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་དང་ཤུགས་སྣོན་རྒྱུ་ཡིན།

ཕྱོགས་གཉིས་ཀྱིས་ད་དུང་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་ཆོས་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱས་པའི་གནས་ཚུལ་དང་དེ་འབྲེལ་གྱི་རྒྱལ་སྤྱིའི་གནད་དོན་ལ་དཔྱད་བསྡུར་བྱས་པ་རེད། གྲོས་ཚོགས་མ་འཚོགས་སྔོན་ལ་ཕུའུ་ཅིན་དང་ཏི་ཡ་སི-ཁ་ན་ཨར་རྣམ་གཉིས་ཀྱིས་མོ་སི་ཁོ་རུ་མཉམ་དུ་ཁུ་པའི་མགོ་ཁྲིད་པ་ཟུར་པ་ཧྥེ་ཏི་ཨར·ཁ་སི་ཐུ་ལའོ་ཡི་དྲན་གསོའི་རྡོ་རིང་གི་ཡོལ་ཁེབས་ཕྱེ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།