ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཡའོ་ནན་གྱིས་པར་སྐྲུན་བརྗེ་རེས་མཉམ་ལས་ཀྱི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཡའོ་ནན་གྱི་པར་སྐྲུན་བརྗེ་རེས་མཉམ་ལས་ཀྱི་བྱ་བའི་གྲོས་ཚོགས་ཉེ་སྔོན་དྲ་ལམ་བརྒྱུད་དེ་བསྡུས། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཀྲུང་གོ་དང་ཡའོ་ནན་ཏང་ཁག་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཏང་ཁག་གཉིས་ཀྱི་པར་སྐྲུན་ལས་ཁུངས་གྲགས་ཅན་གྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཅན་ཁྲོན་དང་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པུའུ་ཀྲང་གཞོན་པ་ལོས་ཧེ་ཕེན་གཉིས་ཀྱིས་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཡའོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འབྲེལ་ཡོད་གནས་ཚུལ་དང་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་གལ་ཆེན། འབྲེལ་ཡོད་ཀྱི་དཔེ་ཆ་སོགས་ཀྱི་པར་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས་ཏེ། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་ཐད་འཆར་འགོད་བྱས། ཀྲུང་གོའི་མི་དམངས་པར་སྐྲུན་ཁང་དང་ཡའོ་ནན་བདེན་ལུགས་རྒྱལ་ཁབ་ཆབ་སྲིད་པར་སྐྲུན་ཁང་གི་འཐུས་མིས་ཉེ་བའི་ལོ་འགའི་རིང་གི་པར་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། པར་སྐྲུན་ཁང་གཉིས་ཀྱིས་ལོ་ལྔའི་མཉམ་ལས་འཆར་འགོད་འགོད་པར་གྲོས་བསྡུར་བྱས། 

ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ། ཡའོ་ནན་གུང་ཁྲན་ཏང་དྲིལ་སྒྲོག་པུའུ། ཡའོ་ནན་གུང་ཁྲན་ཏང་ཕྱི་ཕྱོགས་པུའུ། ཡའོ་ནན་ཆ་འཕྲིན་སྨྱན་བྱད་པུའུ་བཅས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས། 

ཏང་ཁག་གཉིས་ཀྱི་པར་སྐྲུན་ལས་ཁུངས་གྲགས་ཅན་ཡིན་པའི་ཆ་ནས། མི་དམངས་པར་སྐྲུན་ཁང་དང་ཡའོ་ནན་བདེན་ལུགས་རྒྱལ་ཁབ་ཆབ་སྲིད་པར་སྐྲུན་པར་གྱི་མཉམ་ལས་དེ་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་མཇུག་ནས་ད་ལྟའི་བར་རྒྱུན་འཁྱོངས་བྱས་པ་དང་། ལོ་ངོ་བཅུ་ཕྲག་འགའི་རིང་ལ། པར་སྐྲུན་ཁང་གཉིས་ཀྱིས་དཔེ་ཆ་གལ་ཆེན་སྒྱུར་སྐྲུན་བྱས་པ་དང་བྱེད་སྒོའི་བརྗེ་རེས། མི་སྣའི་འཚམས་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་བརྗེ་རེས་མཉམ་ལས་སྤེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ཐད་དམིགས་བསལ་གྱི་འབྲེལ་ཟམ་བཙུགས ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།