ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅོ་བརྒྱད་པའི་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཐུ་ནི་ཞི་ཡཱ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐབས་བཅོ་བརྒྱད་པའི་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་དགུ་ཉིན་ཐུ་ནི་ཞི་ཡཱའི་ལྷོ་ཕྱོགས་ཀྱི་ཅེ་ཨར་པཱ་གླིང་ཕྲན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་ཡང་ན་སྲིད་གཞུང་གི་མགོ་བ་སུམ་ཅུ་ལྷག་གྲོས་ཚོགས་ལ་ཞུགས། 

སྐབས་འདིའི་མཐོ་རིམ་གྲོས་ཚོགས་དེ་སྣ་མང་ཅན་གྱི་གཅིག་འབྲེལ་གཅིག་བརྟེན་ཏེ་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཐུན་སྒྲིལ་གྱི་གྲངས་ལྡན་ཅན་གྱི་རྟེན་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ལ། གྲངས་ལྡན་ཅན་གྱི་འཕེལ་རྒྱས་དང་ན་གཞོན་གྱི་ལས་ཞུགས་སོགས་གཙོ་བོར་བཟུང་ཡོད། 

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། སྐབས་འདིའི་མཐོ་རིམ་གྲོས་ཚོགས་བསྡུས་པ་ནི་ཐུན་མོང་གིས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་། མཐོ་རིམ་གྲོས་ཚོགས་ལ་ལེགས་འགྲུབ་འབྱུང་བར་རེ་བཞིན་ཡོད་ཟེར། 

ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་དེ་གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་ན་ཡོད། གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོ་ནས་བཟུང་མགོ་གཙོའི་གྲོས་ཚོགས་འཚོགས་མགོ་བརྩམས་པ་དང་། དེའི་རྗེས་སུ་ལོ་གཉིས་ནང་ཐེངས་རེ་འཚོགས་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཉིས་སྟོང་ཉི་ཤུ་ལོར་བསྡུས་པའི་མཐོ་རིམ་གྲོས་ཚོགས་དེ་རྗེས་སུ་སྣུར་བ་རེད། 

ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ལ་མིག་སྔར་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ང་བཞི་ཡོད་པ་དང་། ཆོག་མཆན་ཐོབ་པའི་ཁོངས་གཏོགས་རྒྱལ་ཁབ་བདུན་ཡོད་ལ། ལྟ་ཞིབ་རྒྱལ་ཁབ་ཉེར་བདུན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།