ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་གྱོང་གུད་དང་གནོད་ཐེབས་ཀྱི་ཐེབས་རྩ་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པས་ཉིན་ཞག་གཅིག་ཁ་སྣོན་བྱས་རྗེས། ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་གྲོལ། ཚོགས་ཆེན་ནས་སྤྱི་ཆིངས་དང་ཅིན་ཏུའུ་གྲོས་ཆོད་ཡི་གེ ཕཱ་རེ་སིའི་གྲོས་ཆོད་བཅས་ཀྱི་དངོས་འབེབས་དང་བཅོས་སྐྱོང་བྱ་བའི་ཐད་ནས་གྲོས་ཆོད་བཅུ་ཕྲག་འགར་གྲོས་མཐུན་བཀོད་པ་དང་། དེའི་ནང་གྱོང་གུད་དང་གནོད་ཐེབས་ཀྱི་ཐེབས་རྩ་བཙུགས་པ་ནི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད། 

ཡིན་ཡང་ཐེངས་འདིའི་ཚོགས་ཆེན་སྟེང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་ཐད་སེམས་ཤུགས་ཆེར་མེད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་དེའི་སྔོན་ཁས་ལེན་བྱས་པའི་ལོ་རེར་མེ་སྒོར་ཁྲག་ཁྲིག་གཅིག་གི་རྒྱབ་སྐྱོར་མ་དངུལ་སྔར་བཞིན་ལག་བསྟར་བྱས་མེད་ལ། མ་དངུལ་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བར་འཚམ་པའི་དངུལ་གཏོང་བཀོད་སྒྲིག་ཀྱང་མེད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཆེན་གྲོལ་རྗེས་སྤེལ་བའི་བརྙན་རིས་གསལ་སྒྲོག་ལས་གྱོང་གུད་དང་གནོད་ཐེབས་ཀྱི་ཐེབས་རྩ་བཙུགས་པར་དགའ་བསུ་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། དོན་དེ་གཅིག་པུ་ལས་ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་མེད་ཀྱང་དེ་ལས་ཕྱོགས་སོ་སོས་ཡིད་ཆེས་སླར་གསོ་བྱེད་བཞིན་པ་མཚོན་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་ད་རུང་བཤད་རྒྱུར། ང་ཚོས་ནུས་པ་ཡོད་དགུ་བཏོན་ནས་དྲང་བདེན་དང་བློ་སྤོབས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།