ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་རག་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨ་ཁཱ་ཨར་གྱིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་དབྱི་རག་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་དྲག་ཆས་པ་སྐོར་ཁག་གཉིས་ལ་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་འཐབ་འཛིང་གནམ་གྲུས་སོ་སོར་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་དབྱི་རག་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བཙུགས་ཡོད་པའི་རྟེན་གཞིར་བར་སྣང་འཇབ་རྒོལ་བྱས་ཏེ། རྟེན་གཞིའི་ནང་གི་འགེབས་སྲུང་ཁང་དང་བཙན་རྫོང་། ཕུག་ལམ། མཛོད་ཁང་། བཀོད་འདོམ་པུའུ་སོགས་དམིགས་འབེན་ལ་གཏོར་བཤིག་བཏང་ཟེར། གསལ་སྒྲོག་ལས་གོང་གི་རྟེན་གཞི་དེ་ཐུར་ཁེ་ལ་འཇབ་རྒོལ་བྱེད་པའི་གནས་སུ་གྱུར་ཡོད་པར་བཤད་པ་དང་། ཐུར་ཁེའི་དམག་དཔུང་གི་འགུལ་སྐྱོད་དེ་མུ་མཐུད་དུ་སྤེལ་རྒྱུའི་ཚུལ་བསྟན། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་དྲ་ཚིགས་ནས་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་བའི་བརྙན་རིས་ཁྱབ་བསྒྲགས་བྱས། 

དབྱེ་ཞིབ་མི་སྣས་བལྟས་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ནི་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་གྱི་སྒེར་ཚུགས་སྲང་ལམ་ཆེན་མོའི་འགས་གཏོར་དོན་རྐྱེན་ལ་རྒོལ་ལན་སྤྲད་པ་ཡིན་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།