ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན། ཚེས་གཉིས་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། སྲིད་འཛིན་ཏང་ཟུར་པ་པུར་ཀ་རི་ཡའི་སྤྱི་དམངས་ཏང་གི་སྲིད་ཏང་མཉམ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་གོ་གནས་ཉིས་བརྒྱ་དང་བཞི་བཅུའི་ཁྲོད་ནས་གོ་གནས་རེ་བདུན་ཐོབ་སྟེ། སྲིད་གཞུང་འཛུགས་པའི་དབང་ཆ་ཐོབ་ཟེར།
པུར་ཀ་རི་ཡའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གཞི་གྲངས་ལྟར་ན། པུར་ཀ་རི་ཡའི་སྤྱི་དམངས་ཏང་གི་སྲིད་ཏང་མཉམ་འབྲེལ་ལས་གཞན། ད་དུང་སྲིད་ཏང་དང་ཡང་ན་སྲིད་ཏང་མཉམ་འབྲེལ་དྲུག་གྲོས་ཁང་དུ་ཚུད་ལ། དེའི་ནང་དུ་ང་ཚོས་མུ་མཐུད་བཅོས་སྒྱུར་བྱེད་ཅེས་པའི་མཉམ་འབྲེལ་ལ་གོ་གནས་ང་གསུམ་ཐོབ་པ་དང་། ཁེ་དབང་དང་རང་བཙན་བརྩོན་ལེན་ལས་འགུལ་ཞེས་པར་གོ་གནས་སོ་དྲུག་ཐོབ་ལ། བསྐྱར་དར་ཏང་ལ་གོ་གནས་ཉེར་བདུན་ཐོབ་པ་དང་། པུར་ཀ་རི་ཡའི་སྤྱི་ཚོགས་ཏང་གི་སྲིད་ཏང་མཉམ་འབྲེལ་ལ་གོ་གནས་ཉེར་ལྔ་ཐོབ། དམངས་གཙོ་པུར་ཀ་རི་ཡ་ཞེས་པའི་མཉམ་འབྲེལ་ལ་གོ་གནས་ཉི་ཤུ་ཐོབ་པ་དང་། གསར་དུ་བཙུགས་པའི་པུར་ཀ་རི་ཡའི་དར་འཕེལ་ཏང་ལ་གོ་གནས་བཅུ་གཉིས་ཐོབ་ཟེར།
རྩ་ཁྲིམས་ལྟར་ན། པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་གྲོས་ཁང་གི་ཏང་ཁག་ཆེན་པོ་དང་པོས་མིང་བཏོན་པའི་ཙུང་ལིའི་འདེམ་སྒུག་པར་སྲིད་གཞུང་འཛུགས་པའི་དབང་ཆ་སྟེར་དགོས་ལ། སྲིད་གཞུང་གསར་པར་གྲོས་ཁང་གི་མི་ཕྱེད་ཀའི་ཡན་གྱི་རྒྱབ་སྐྱོར་ཐོབ་དགོས།
པུར་ཀ་རི་ཡའི་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་བཞིན་པ་དང་། ལོ་བཞི་རེར་འདེམ་བསྐོ་ཐེངས་གཅིག་ལ་བྱེད་བཞིན་ཡོད། འདེམ་ཤོག་བརྒྱ་ཆའི་བཞིའི་ཡན་ཐོབ་པའི་སྲིད་ཏང་དང་ཡང་ན་སྲིད་ཏང་མཉམ་འབྲེལ་གྲོས་ཁང་དུ་ཞུགས་ཆོག་ལ། གོ་གནས་ཕྱེད་ཀའི་ཡན་ཐོབ་པའི་སྲིད་ཏང་གིས་རང་རྐྱ་འཕེར་བའི་སྒོ་ནས་སྲིད་གཞུང་བཙུགས་ཆོག
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
པུར་ཀ་རི་ཡའི་གྲོས་ཁང་འདེམ་བསྐོའི་མཇུག་འབྲས་གསལ་བོར་ཤེས།