ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ས་གནས་བཞི་ཨུ་རུ་སིའི་ཁོངས་སུ་བསྡུ་ལེན་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་སྟེང་མིང་བཀོད་པ་དང་ཙིག་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་དམག་གིས་ལྷོ་ཕྱོགས་སུ་མྱུར་དུ་དཔུང་སྐྱོད་བྱས་པ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་ཏོན་ཉི་ཚིས་ཁི་དང་ལུའུ་ཀན་སི་ཁི། ཀྲ་པོ་ལོ་རེ་དང་ཧི་ཨར་སུང་བཅས་ས་གནས་བཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་གཞི་བྱས་ཏེ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁོངས་སུ་བསྡུ་ལེན་བྱེད་པའི་ཆིངས་ཡིག་ལ་ཆོག་མཆན་བཀོད་པར་མ་ཟད། གོང་གི་ས་གནས་བཞི་ཨུ་རུ་སིའི་ཁོངས་སུ་བསྡུ་ལེན་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆའི་སྟེང་མིང་བཀོད། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙིག་ལེན་སི་ཅི་ཡིས་ཉེ་སྔོན་ཝུའུ་ཁི་ལན་གྱི་དམག་གིས་ལྷོ་ཕྱོགས་ས་ཁུལ་དུ་མྱུར་མོར་དཔུང་སྐྱོད་བྱས་པ་ཡིན་ཞེས་བཤད།

ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་ཆོག་མཆན་བཀོད་པའི་ས་གནས་བཞི་ཨུ་རུ་སིའི་ཁོངས་སུ་བསྡུ་ལེན་བྱེད་པའི་ཆིངས་ཡིག་དང་མིང་བཀོད་པའི་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་ཨུ་རུ་སིའི་བཅའ་ཁྲིམས་ཆ་འཕྲིན་དྲ་བའི་སྟེང་བསྒྲགས་ཡོད། གོང་གི་ཡིག་ཆ་ལྟར་ན། ས་གནས་བཞི་བོའི་སྤྱི་དམངས་རྣམས་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་ནས་བཟུང་ཨུ་རུ་སིའི་སྤྱི་དམངས་སུ་ངོས་འཛིན་བྱས་པ་དང་། རེ་ཞུ་སྤྲད་པར་མ་ཟད་དམ་བཅའ་བཞག་རྗེས་ཨུ་རུ་སིའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་རེད།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་ཨུ་རུ་སིའི་སྨྱན་སྦྱོར་ལ་བཤད་རྒྱུར། ཨུ་རུ་སིའི་ཁོངས་སུ་གསར་དུ་བསྡུ་ལེན་བྱས་པའི་ས་གནས་བཞི་བོ་དེ་བཅའ་ཁྲིམས་སྟེང་ནས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁག་ཅིག་ཏུ་གྱུར་ཡོད་ཟེར། ཕེ་སི་ཁི་ཧྥུའུ་ཡིས་དེ་དང་མཉམ་དུ་བཤད་རྒྱུར། ས་གནས་བཞི་བོ་ཨུ་རུ་སིའི་ཁོངས་སུ་བསྡུ་ལེན་བྱས་རྗེས། དམིགས་བསལ་དམག་དོན་འགུལ་སྐྱོད་དེ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་དུ་བསྒྱུར་མིན་ནི་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་བཀོད་འདོམས་དཔོན་ཕུའུ་ཅིན་གྱིས་ཐག་གཅོད་དགོས་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་བཞུགས་ཤག་གི་དྲ་བའི་སྟེང་ཚེས་བཞི་བསྒྲགས་པའི་གནས་ཚུལ་ལྟར་ན། ཙིག་ལེན་སི་ཅི་ཡིས་ཉེ་སྔོན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་ལྷོ་ཕྱོགས་ས་ཁུལ་དུ་མྱུར་མོར་དཔུང་སྐྱོད་བྱེད་བཞིན་ཡོད་ལ། གཟའ་འཁོར་འདིའི་ནང་དུ་ཧི་ཨར་སུང་དང་ཧ་ཨར་ཁི་ཧྥུའུ། ལུའུ་ཀན་སི་ཁི་དང་ཏོན་ཉི་ཚིས་ཁི་བཅས་སུ་ཡོད་པའི་སྡོད་དམངས་འདུག་ས་བཅུ་ཕྲག་འགའ་ཕྱིར་བླངས་ཡོད་ཟེར། ཙིག་ལེན་སི་ཅི་ཡིས་ཚེས་བཞི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་ལ་ཁ་པར་བཏང་ནས། ཝུའུ་ཁི་ལན་གྱི་དམག་གིས་མངའ་ཁོངས་ཕྱིར་བླངས་པའི་འགུལ་སྐྱོད་ཀྱི་བརྒྱུད་རིམ་བཤད་པར་མ་ཟད། ཞིང་ལས་ཐོན་རྫས་ཕྱིར་སྐྱེལ་གྲོས་ཆོད་མུ་མཐུད་དུ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཟེར།

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་སིས་ཚེས་ལྔ་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་གཏམ་བཤད་སྤེལ་ནས། ཀུང་སི་དེས་དབྱི་ཐ་ལིའི་རང་བྱུང་སོལ་རླངས་བཙོང་བའི་ཁེ་ལས་ནས་སོལ་རླངས་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་པ་དང་། ཨུ་རུ་སིའི་རང་བྱུང་སོལ་རླངས་ཨོ་སི་ཁྲུ་རི་ཡའི་མངའ་ཁོངས་བརྒལ་ནས་སྐྱེལ་འདྲེན་བྱེད་པ་དེ་ཉིན་དེར་སླར་གསོ་བྱས་ཟིན་ཞེས་བཤད། དབྱི་ཐ་ལིའི་ནུས་ཁུངས་ཀུང་སི་ཨེ་ཉི་ཀུང་སི་ཞེས་པ་དེས་ཉིན་དེར་དོན་དག་དེར་བདེན་དཔང་བྱས།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲི་ཧྥུའུ་ཡིས་ཚེས་ལྔ་ཉིན་ཁི་ལེ་མུས་ཡའི་བདེ་འཇགས་གནད་དོན་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་དྲག་པོའི་རིགས་འདོན་སྤྲོད་བྱེད་པ་དང་གསང་འཕྲིན་ཐད་རྒྱབ་སྐྱོར་བྱེད་པ། དམག་དོན་སྦྱོང་བརྡར་བྱེད་པ་སོགས་བརྒྱུད་དེ། ཝུའུ་ཁི་ལན་གྱི་མངའ་ཁོངས་སྟེང་ཨུ་རུ་སི་ལ་འགོག་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་ནན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་མནའ་གྲོགས་ཀྱིས་ཝུའུ་ཁི་ལན་ནི་ས་འབྲེལ་ཆབ་སྲིད་རྩོད་རེས་ཀྱི་ལག་ཆ་ལྟ་བུར་བརྩིས་ཡོད་ལ། རྒྱལ་ཁབ་དེ་དག་གིས་ཨུ་རུ་སིས་ཝུའུ་ཁི་ལན་དུ་སྤེལ་བའི་དམིགས་བསལ་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་དང་། ཐ་ན་དམག་འཁྲུག་དེ་ཨུ་རུ་སིའི་ས་ཐོག་ཏུ་ཁྱབ་རྒྱུའི་རེ་བ་བཅངས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།