ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གཞུང་ཚབ་ཆེན་མོས་ལྟ་ཚུལ་མཐུན་པའི་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཁ་ཤས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་གྲངས་ཉུང་རིགས་རྒྱུད་ལ་མཐོང་ཆུང་རང་བཞིན་གྱི་ཁྲིམས་འཛིན་བྱེད་པར་སེམས་ཁུར་ཆེན་པོ་བྱེད་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་གཅིག་པས་ཚེས་བཞི་ཉིན་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་། རིགས་གཞན་ལ་འཁོན་སེམས་འཛིན་པ་དང་བཟོད་སྒོམ་མི་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་རྒྱུན་ལྡན་རང་བཞིན་གྱི་རྩོད་གླེང་བྱས། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པ་རུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞུང་ཚབ་ཆེན་མོ་ཁྲིན་ཞུའུ་ཡིས་ལྟ་ཚུལ་མཐུན་པའི་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཐུན་མོང་གཏམ་བཤད་སྤེལ་ནས། རྒྱལ་ཁབ་ཁ་ཤས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་གྲངས་ཉུང་རིགས་རྒྱུད་ལ་མཐོང་ཆུང་རང་བཞིན་གྱི་ཁྲིམས་འཛིན་བྱས་པར་སེམས་ཁུར་ཆེན་པོ་བྱེད་ཚུལ་བསྟན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་རང་སྟེང་དུ་གནས་པའི་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་གི་གནད་དོན་ཚབས་ཆེན་ལ་ལྟ་ཚུལ་ཡང་དག་བཟུང་ནས། རྒྱལ་ཁབ་རང་གི་མཐོང་ཆུང་རང་བཞིན་གྱི་ལས་ཁུངས་དང་བཅའ་ཁྲིམས། སྲིད་ཇུས་དང་བྱེད་ཐབས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་བཅོས་བྱས་ཏེ། ཏི་པན་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་དངོས་སུ་དོན་འཁྱོལ་བྱེད་རྒྱུའི་རེ་བ་བཏོན།

ཐུན་མོང་གཏམ་བཤད་ལས། ཉེན་རྟོག་པས་དྲག་ཤུགས་སྤྱད་དེ་ཁྲིམས་ལག་བསྟར་བྱས་པ་ལས་ཨ་ཧྥེ་རི་ཁའི་རྒྱུད་ཀྱི་ཨ་རི་པ་ཧྥོ་ལོ་དབྱི་ཏི་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་བྱུང་ནས་ད་བར་དུ་ལོ་གཉིས་ལྷག་འགོར་སོང་། ཡིན་ནའང་རྒྱལ་ཁབ་ཁ་ཤས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་གྲངས་ཉུང་རིགས་རྒྱུད་ལ་མཐོང་ཆེན་རང་བཞིན་གྱིས་ཁྲིམས་འཛིན་བྱེད་པ་དང་འབྲེལ་ཡོད་དྲག་ཤུགས། ཐ་ན་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་ཡང་འབྱུང་བཞིན་པས། ང་ཚོས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་པར་མ་ཟད། གནོད་པ་ཐེབས་མཁན་ལ་བརྩེ་བ་ཟབ་མོ་བཅངས་པ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

ཐུན་མོང་གཏམ་བཤད་ལས། ཁྲིམས་འཛིན་སྡེ་ཁག་གི་རིགས་རྒྱུད་རིང་ལུགས་དང་དྲག་ཤུགས་སྣང་ཚུལ་ནི་རྒྱལ་ཁབ་དེ་དག་གི་ཡུན་རིང་རང་བཞིན་དང་མ་ལག་རང་བཞིན། སྒྲིག་གཞི་རང་བཞིན་གྱི་རིགས་རྒྱུད་རིང་ལུགས་དང་སྤྱི་ཚོགས་འདྲ་མཉམ་མིན་པའི་མཚོན་རྟགས་ཡིན་ལ། རྒྱལ་ཁབ་དེ་དག་གིས་ལོ་རྒྱུས་སྟེང་བྲན་གཡོག་ལམ་ལུགས་དང་མི་སེར་སྤེལ་ཡུལ་རིང་ལུགས་ལག་བསྟར་བྱས་པའི་ཤུལ་ལུས་གནད་དོན་རེད། རྒྱལ་ཁབ་དེ་དག་གིས་ཨ་ཧྥེ་རི་ཁའི་རྒྱུད་དང་ཨེ་ཤ་ཡའི་རྒྱུད། མུའུ་སི་ལིན་སོགས་གྲངས་ཉུང་རིགས་རྒྱུད་དང་ཚོགས་པར་དུས་ཡུན་རིང་བོར་མཐོང་ཆུང་བྱེད་པ་དང་གྲལ་མཐའ་རུ་དེད་དེ། ཁོ་ཚོའི་དབང་ཆ་སྣ་ཚོགས་ལ་གནོད་སྐྱེལ་བཞིན་པ་དང་། ཁོ་ཚོར་ནམ་ཡང་དྲག་ཤུགས་གནོད་འཚེའི་འཇིགས་སྣང་ཐེབས་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། འབྲེལ་ཡོད་རྒྱལ་ཁབ་ཀྱི་ཆབ་སྲིད་པས་རིགས་རྒྱུད་དང་ཆོས་ལུགས་སོགས་དང་འབྲེལ་བའི་འཁོན་སེམས་འཛིན་པའི་གཏམ་བརྗོད་རྒྱུན་མ་ཆད་པར་སྤེལ་བ་ལས། འབྲེལ་ཡོད་ཚོགས་སྤྱི་སྔར་ལས་ཀྱང་སྡུག་ལ་གཏད་ཡོད་ཅེས་བསྟན་ཡོད།

ཐུན་མོང་གཏམ་བཤད་ལས། ཏི་པན་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་བཀོད་ནས་ལོ་བཅུ་སྐོར་གསུམ་པར་སླེབས་སོང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིག་ཆ་གལ་ཆེན་འདི་མུ་མཐུད་དུ་དོན་འཁྱོལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་རང་སྟེང་དུ་གནས་པའི་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་མཐོང་ཆུང་གི་གནད་དོན་ཚབས་ཆེན་ལ་ཡང་དག་པར་ལྟ་བ་དང་། རྒྱལ་ཁབ་རང་གི་གྲངས་ཉུང་རིགས་རྒྱུད་ཀྱི་འབོད་སྐུལ་ལ་ནན་གྱིས་ཉན་ནས། རྒྱལ་ཁབ་རང་གི་མཐོང་ཆུང་རང་བཞིན་གྱི་ལས་ཁུངས་དང་བཅའ་ཁྲིམས། སྲིད་ཇུས་དང་བྱེད་ཐབས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་བཅོས་བྱ་རྒྱུ་དང་། ལྷག་པར་དུ་ཁྲིམས་བསྟར་དང་ཁྲིམས་འཛིན་མ་ལག་ལ་མཐའ་གཅིག་ཏུ་བཅོས་སྒྱུར་བྱེད་པ་དང་། དྲག་ཤུགས་གྱོད་དོན་ལ་མཐའ་གཅིག་ཏུ་རྩད་ཞིབ་བྱས་ཏེ། དྲག་ཤུགས་སྤྱོད་མཁན་ལ་འགན་འདྲི་དང་གནོད་པ་ཐེབས་མཁན་ལ་གྱོང་གསབ་བྱ་རྒྱུའི་འབོད་སྐུལ་དྲག་པོ་བཏོན་པ་ཡོན། ང་ཚོས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སོགས་ཀྱིས་གོང་དུ་རིགས་རྒྱུད་མཐོང་ཆུང་དང་དྲག་ཤུགས་གནད་དོན་ལ་དོ་སྣང་ཆེན་པོ་བྱ་རྒྱུ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཞེས་ནན་གྱིས་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།