ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དཔོན་རིགས་ཀྱིས་ཝུའུ་ཁི་ལན་གྱི་དམག་སྒར་ལ་གཞི་ཁྱོན་ཆེ་བའི་རྒོལ་རྡུང་ཐེབས་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་རིང་ལ་ཏོན་ཉི་ཚིས་ཁི་ས་ཁུལ་བྱང་ཕྱོགས་ཀྱི་གྲོང་རྡལ་གཙོ་བོ་ཧུང་ལེ་མན་ཕྱོགས་སུ་ཡོད་པའི་ཝུའུ་ཁི་ལན་གྱི་དམག་སྒར་ལ་ཨུ་རུ་སིའི་དམག་གི་གཞི་ཁྱོན་ཆེ་བའི་རྒོལ་རྡུང་ཐེབས་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པོ་ཏོ་ལེ་ཡ་ཁི་ཡིས་ཉེ་སྔོན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་གྱི་མངའ་ཁོངས་ལས་བྲལ་རྗེས། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་གཟོད་ཨུ་རུ་སིའི་བར་དུ་གྲོས་མོལ་སླར་གསོ་བྱེད་ངེས་ཟེར།

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་རིང་ལ། ཧུང་ལེ་མན་ཕྱོགས་སུ་ཡོད་པའི་ཝུའུ་ཁི་ལན་གྱི་དམག་སྒར་ལ་ཨུ་རུ་སིའི་དམག་གི་གཞི་ཁྱོན་ཆེ་བའི་རྒོལ་རྡུང་ཐེབས་ནས། ཝུའུ་ཁི་ལན་ཕྱོགས་ཀྱི་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། ཐན་ཁི་འཁོར་ལོ་ལྔ་དང་རྐང་དམག་འཐབ་འཁོར་དགུ་བརླགས། ཝུའུ་ཁི་ལན་ཕྱོགས་ལ་གཏོར་བརླགས་ཚབས་ཆེན་ཐེབས་ནའང་ས་དེ་རུ་ཝུའུ་ཁི་ལན་ལ་བཟང་ཆ་ཡོད་པས། མཐའ་བསྐོར་བའི་ཉེན་ཁ་ལས་གཡོལ་ཆེད། ཨུ་རུ་སིའི་དམག་ཧུང་ལེ་མན་ནས་ས་གཞན་དུ་ཕྱིར་འཐེན་བྱས་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་གཅིག་ཉིན་བསྒྲགས་རྒྱུར། པོ་ཏོ་ལེ་ཡ་ཁི་ཡིས་ཉེ་སྔོན་སྨྱན་སྦྱོར་ལ་བཤད་རྒྱུར། མིག་སྔའི་གནས་ཚུལ་འོག་ཕྱི་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཝུའུ་ཁི་ལན་དང་ཨུ་རུ་སིའི་ཉེན་ཚབས་ཐགགཅོད་མི་ཐུབ་པས། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་ཡོངས་སུ་ཕྱིར་འཐེན་བྱས་རྗེས། ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་དུ་ད་གཟོད་གྲོས་མོལ་བྱེད་སྲིད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཅི་མོ་ཧྲིན་ཁི་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་གསར་འགྱུར་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་ཉིན་དེར་ཧུང་ལེ་མན་ས་ཆ་ཕྱིར་འཕྲོག་པར་མ་ཟད་ས་དེ་ཚོད་འཛིན་བྱས་ཡོད་ཟེར།

ཝུའུ་ཁི་ལན་གྱི་ས་ཆ་སོ་སོའི་དམག་དོན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཚེས་གཅིག་ཉིན་གྱི་ཚུན་ལ། ཨུ་རུ་སིའི་དམག་གིས་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདེལ། འཕུར་མདེལ་སོགས་བཀོལ་ནས་སུའུ་མེ་དང་ཉི་ཀུའུ་ལ་ཡེ་ཧྥུའུ་སོགས་ས་ཆར་འཇབ་རྒོལ་བྱས་པ་དང་། ཀྲ་པོ་ལོ་རེ་གྲོང་ཁྱེར་དང་དེའི་མཐའ་སྐོར་ས་ཁུལ་གྱི་བཟོ་ལས་རྨང་གཞིའི་སྒྲིག་ཆས་སྐོར་ཞིག་བརླགས་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་དཔོན་པོ་ཁུའུ་ལེ་པ་ཡིས་ཚེས་གཅིག་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཡི་གེ་སྤེལ་ནས་བཤད་རྒྱུར། ཁོས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐོར་ཐིན་པེ་ཀི་ལ་ཁ་པར་བཏང་ནས། ཕ་རོལ་བར་ཝུའུ་ཁི་ལན་ཕྱོགས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རེ་འདུན་ཞུ་བའི་གནད་དོན་ཞིབ་མོར་བཤད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ད་དུང་གོ་རིམ་རྗེས་མར་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་གནད་དོན་སྐོར་ནས་གྲོས་མོལ་བྱས་པ་ཡིན་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་ཡིག་སྐྱེལ་གསར་འགྱུར་ཁང་གིས་ཚེས་གཉིས་ཉིན་བསྒྲགས་རྒྱུར། ཀྲ་པོ་ལོ་རེ་ཉིང་རྡུལ་གློག་འདོན་ས་ཚགས་ཀྱི་ཁུལ་ཁོངས་སུ་ཉིང་རྡུལ་བདེ་འཇགས་སྲུང་སྐྱོབ་ཁུལ་འཛུགས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་ཀི་ལོ་ཞི་ཡིས་ཅང་མི་འགོར་བར་ཅི་ཧྥུའུ་དང་མཱོ་སི་ཁོ་ལ་འཚམས་འདྲི་བྱ་རྒྱུ་རེད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་དཔོན་པོ་ལེ་ཙི་ཉི་ཁི་ཧྥུའུ་ཡིས་ཚེས་གཅིག་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཡི་གེ་སྤེལ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་དེ་བྱང་ཆིངས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཁ་ཤས་བར་གྱི་མཉམ་ལས་ཆུ་ཚད་ལས་བརྒལ་ཡོད་ལ། ཝུའུ་ཁི་ལན་གྱིས་མ་འོངས་པར་བྱང་ཆིངས་བར་གྱི་གཞི་གཅིག་ཅན་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་གཅིག་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་ཡི་གེ་སྤེལ་ནས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙིག་ལེན་སི་ཅི་ཡི་མྱུར་དུ་བྱང་ཆིངས་སུ་ཞུགས་རྒྱུའི་རེ་ཞུ་དང་ལེན་མ་བྱས་པ་དང་། དེས་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་བློས་གཏོང་བར་གྲ་སྒྲིག་བྱས་ཡོད་པ་མཚོན་ཟེར།

ཝུའུ་ཁི་ལན་གྱིས་བྱང་ཆིངས་ལ་རྩ་འཛུགས་དེའི་ཁྲོད་མྱུར་དུ་ཞུགས་རྒྱུའི་རེ་འདུན་ཞུས་པའི་དོན་དག་དེའི་སྐོར་ནས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་ཝ་ཧྲིན་ཏོན་ནས་བཤད་རྒྱུར། ཨ་མེ་རི་ཁའི་ལངས་ཕྱོགས་སྔར་བཞིན་གསལ་བོ་ཡིན་ཏེ། བྱང་ཆིངས་ཀྱིས་སྒོ་འབྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། བྱང་ཆིངས་ཀྱི་ནུས་པ་ཇེ་ཆེར་གཏོང་ཐུབ་པའི་རྒྱལ་ཁབ་བྱང་ཆིངས་སུ་ཞུགས་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་ཡིན། འོན་ཀྱང་བྱང་ཆིངས་སུ་ཞུགས་པར་གོ་རིམ་ངེས་ཅན་བརྒྱུད་དགོས་པས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་མུ་མཐུད་དུ་གོ་རིམ་དེ་བརྩི་སྲུང་བྱ་དགོས་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལག་རོགས་ཧྲ་ལེ་ཝུན་གྱིས་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་ཕོ་བྲང་དཀར་པོ་ནས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་བལྟས་ན། ཝུའུ་ཁི་ལན་ལ་དོན་དངོས་ཀྱི་རོགས་རམ་བྱེད་པ་ནི་དེང་སྐབས་ཝུའུ་ཁི་ལན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན་པ་དང་། ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་པའི་བརྒྱུད་རིམ་དེ་རྗེས་མར་ལག་བསྟར་བྱ་དགོས་པར་འདོད། ཨ་མེ་རི་ཁས་བྱང་ཆིངས་ཀྱིས་སྒོ་འབྱེད་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་དེ་ནམ་ཡང་གསལ་བོ་ཡིན་ཏེ། ཁོངས་གཏོགས་རྒྱལ་ཁབ་གསར་པ་གང་ཞིག་དང་ལེན་བྱ་རྒྱུ་དེ་ཁོངས་གཏོགས་རྒྱལ་ཁབ་ཚང་མས་རེ་འདུན་ཞུས་པའི་རྒྱལ་ཁབ་དང་མཉམ་དུ་གྲོས་སྡུར་བྱས་ནས་ཐག་གཅོད་དགོས་ཟེར།

ཝུའུ་ཁི་ལན་གྱི་རྨང་གཞིའི་སྒྲིག་ཆས་ལས་ཁུངས་ཀྱིས་ཚེས་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་བར་དུ་ཝུའུ་ཁི་ལན་ཕྱོགས་ཀྱིས་མཚོ་ཐོག་འབྲུ་རིགས་བར་ཁྱམས་བརྒྱུད་དེ་གྲུ་གཟིངས་ཉིས་བརྒྱ་དང་ང་གཉིས་བཏང་ནས། ཞིང་ལས་ཐོན་རྫས་ཏུན་ས་ཡ་ལྔ་དང་འབུམ་བདུན་བསྐྱལ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།