ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་འཛིན་བཟུང་བྱས་པའི་སྤྱི་དམངས་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཟླ་བཅུ་པའི་ཚེས་གཅིག་ཉིན་བསྟན་དོན། རྒྱལ་ཁབ་དེའི་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་ཆོས་རིང་ལུགས་ཀྱི་བགྲོད་ལམ་ཕྱེས་ཏེ་ཝེ་ནེ་ཙུའེ་ལ་རུ་བཀག་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་སྐོར་ཞིག་བཙོན་གྲོལ་བཏང་ལ། བརྗེ་རེས་ཀྱི་ཚུལ་དུ། ཨ་མེ་རི་ཁས་ཀྱང་བཀག་འཇུག་བྱས་པའི་མི་གཉིས་གློད་གྲོལ་བཏང་།

ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཉིན་དེར་སྤྱི་བསྒྲགས་ལས་བཤད་རྒྱུར། འདི་ནི་ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་བཟུང་རྒྱལ་ཁབ་གཉི་ཀའི་སྲིད་གཞུང་གིས་གྲོས་མོལ་བྱས་པའི་གྲུབ་འབྲས་ཡིན་ཟེར། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་གྲུབ་འབྲས་དེར་དགའ་བསུ་ཞུ་བཞིན་ཡོད་པ་མ་ཟད། ཨ་མེ་རི་ཁ་གླིང་ཕྲན་དང་འཛམ་གླིང་གི་རྒྱལ་ཁབ་ཀུན་ཞི་བདེ་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་བསྒྲགས་པའི་འཛིན་བཟུང་བྱས་པའི་ཨ་རིའི་སྤྱི་དམངས་བདུན་པོ་དེའི་ཁྲོད་ན། ཝེ་ནེ་ཙུའེ་ལ་རྡོ་སྣུམ་ཀུང་ཟིའི་ཨ་རིའི་ཡན་ལག་ཀུང་ཟི་ཞའེ་ཐེ་ཀི་ནང་གི་མཐོ་རིམ་མགོ་ཁྲིད་ལྔ་ཡོད་པ་དང་། མི་དེ་དག་གིས་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་རུལ་སུངས་ཀྱི་བྱ་སྤྱོད་སྒྲུབ་པས་ཝེ་ནེ་ཙུའེ་ལ་རུ་འཛིན་བཟུང་བྱས་པ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེ་ཏུན་གྱིས་ཟླ་བཅུ་པའི་ཚེས་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཝེ་ནེ་ཙུའེ་ལ་རུ་འཛིན་བཟུང་བྱས་པའི་མི་བདུན་པོ་གློད་གྲོལ་བཏང་པ་བདེན་དཔང་བྱས་པ་དང་། ཁོས་ད་རུང་ཨ་མེ་རི་ཁ་སྲིད་གཞུང་གིས་ཨ་རིའི་སྤྱི་དམངས་མི་གཏའ་དང་ནོར་འཁྲུལ་གྱིས་འཛིན་བཟུང་བྱས་པའི་ཉེས་འགེལ་གྱི་དོགས་འདྲི་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།