ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲ་པོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒུལ་ཤུགས་འཁོར་ཚན་མ་ལག་ལ་མེ་སྐྱོན་བྱུང་བ་ཁས་མ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་ཁབ་ཉིང་རྡུལ་ནུས་པའི་གློག་འདོན་ཀུང་ཟི་ཡིས་ཚེས་ཉེར་དགུ་ཉིན་རྩོམ་ཡིག་སྤེལ་ཏེ། ཀྲ་པོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒུལ་ཤུགས་འཁོར་ཚན་མ་ལག་ལ་མེ་སྐྱོན་བྱུང་བ་ཁས་ལེན་མ་བྱས། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། འདས་པའི་ཉིན་གཅིག་གི་ནང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་དམག་དཔུང་གི་བཀོད་འདོམ་ཁང་དྲུག་དང་མེ་སྒྱོགས་འཐབ་ར་གྱ་བདུན། མི་སྣ་བརྒྱ་དང་གོ་བརྒྱད། དམག་དོན་སྒྲིག་ཆས་གཅིག་འདུས་ས་ཁུལ་དུ་ཆམ་ཕབ་བཏང་ཡོད་ཟེར། 

ཀྲ་པོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནས་འགས་གཏོར་བྱུང་སྟེ་མེ་སྐྱོན་བྱུང་བར་བསྒྲགས་པའི་གནས་ཚུལ་ཐད་ནས་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་ཉིང་རྡུལ་ནུས་པའི་གློག་འདོད་ཀུང་ཟི་ཡིས་བཤད་རྒྱུར། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཉེ་འཁོར་དུ་བཀོད་སྒྲིག་བྱས་པའི་ས་འོག་འགད་རྫས་ལ་འགས་གཏོར་བྱུང་སྟེ། སྒུལ་ཤུགས་འཁོར་ཚན་མ་ལག་དྲུག་པ་དང་གནོན་བསྒྱུར་འཕྲུལ་ཆས་ཀྱི་གློག་སྐུད་ཆད་ནས་དུ་བ་ཅུང་ཙམ་འཕྱུར་ཡང་། མེ་གསོད་སྡེ་ཁག་གིས་བལྟས་ན་གནས་ཚུལ་དེ་ཚབས་ཆེན་མིན་པར་འདོད། ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་བར། ཀྲ་པོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྒུལ་ཤུགས་འཁོར་ཚན་ལ་མེ་སྐྱོན་བྱུང་མེད་ཟེར། 

ཝུའུ་ཁི་ལན་གྱི་དམག་དོན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་ཧཱ་ཨར་ཁི་ཧྥུའུ་དང་ཀྲ་པོ་ལོ་རི། ཏིས་ནེ་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་སོགས་ས་ཁུལ་དགུ་རུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དཔུང་གི་ས་ཁུལ་མང་བོའི་ཚུར་རྒོལ་ལ་རྒོལ་ལན་སྤྲད་དེ་མཐར་སྐྲོད་བཏང་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་ཡིས་ཚེས་ཉེར་དགུ་ཉིན་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཡང་བསྐྱར་བཟུང་དམག་བརྗེ་སྤོར་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མཚོ་དམག་སྐམ་འཐབ་རུ་ཁག་གི་དམག་མི་བཞི་དང་ཝུའུ་ཁི་ལན་ཕྱོགས་ཀྱི་མི་སེར་དཀྱུས་མ་གཉིས་ཕྱིར་བཏང་ཡོད་ཟེར། 

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཀྲང་ལེ་ཙི་ནེ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གི་དགུན་ཁའི་ལྭ་བ་ཆ་ཚང་འབུམ་གཉིས་གྲ་སྒྲིག་བྱས་ཡོད་ཀྱང་། དུས་ཚོད་ལ་བྲེལ་བ་ཆེ་བའི་དབང་གིས་དགུན་ཁའི་ལྭ་བ་ཚང་མ་སྟེར་ཐུབ་པར་འགན་སྲུང་བྱེད་ཐབས་མེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།