ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་མུ་མཐུད་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཉིང་རྡུལ་ནུས་པའི་ཞིབ་བཤེར་བྱ་བར་སྟབས་བདེ་བཟོ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། དབྱི་ལིང་གིས་ནམ་རྒྱུན་འབྲེལ་ཡོད་གཏན་འཁེལ་ལྟར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་བར་ཞིབ་བཤེར་བྱེད་པར་རོགས་འདེགས་བྱེད་པ་དང་། མ་འོངས་པར་མུ་མཐུད་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་བྱ་བར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། དབྱེ་སི་ལཱ་མུས་ཀྱིས་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་རུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྐབས་རེ་དྲུག་པའི་ཚོགས་ཆེན་ལ་ཞུགས་པ་དང་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། དབྱེ་སི་ལཱ་མུས་ཀྱིས་བཤད་རྒྱུར། ཁོས་ཉེ་སྔོན་རྒྱལ་སྤྱིའི་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དང་མཉམ་དུ་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་ཐག་གཅོད་ཐོབ་མེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕྱིར་དྲན་བྱས་ཡོད་ཟེར། 

དབྱེ་སི་ལཱ་མུས་ཀྱིས་བཤད་རྒྱུར། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་འགན་སྲུང་གྲོས་ཆོད་དང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་བརྩི་སྲུང་བྱེད་བཞིན་ཡོད་ལ། དབྱི་ལིང་གིས་སྔོན་ལྟར་མུ་མཐུད་དུ་བློ་གཏད་རུང་བའི་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཀི་ལོ་ཞི་ཡིས་ཚེས་ཉེར་དྲུག་ཉིན་དབྱི་སི་ལཱ་མུས་ལ་ཐུག་འཕྲད་བྱས་རྗེས་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཐག་གཅོད་ཐོབ་མེད་པའི་འགན་སྲུང་ལྟ་རྟོག་གནད་དོན་ཐད་ནས་དབྱི་ལིང་བར་གྱི་གྲོས་མོལ་སླར་གསོ་བྱས་ཡོད་ཟེར། 

ཀི་ལོ་ཞི་ཡིས་དེའི་སྔོན་བཤད་རྒྱུར། དབྱི་ལིང་གིས་སྙན་ཞུ་མ་བྱས་པའི་ས་གནས་གསུམ་ནས་ཉིང་རྡུལ་འབར་རྫས་ཀྱི་རྗེས་ཤུལ་རྙེད་པའི་ཐད་ནས་ལག་རྩལ་ཐད་ནས་ཡིད་རྟོན་རུང་བའི་འགྲེལ་བརྗོད་འདོན་སྤྲོད་བྱས་མེད་ཟེར། དབྱི་ལིང་གིས་དོན་དེའི་ཐད་ནས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དཔྱད་བརྗོད་སྤེལ་བའི་ཁུངས་ལུང་ནི་དབྱི་སི་རལ་གྱིས་འདོན་སྤྲོད་བྱས་པའི་ཡིག་ཆ་ཡིན་ལ། དབྱི་སི་རལ་གྱིས་དམིགས་བསལ་གྱི་ཆབ་སྲིད་དམིགས་ཡུལ་དབང་གིས་ཡིག་ཆ་དེ་དག་འདོན་སྤྲོད་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།