ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོ་ཞེས་པའི་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་རྒྱལ་ཁབ་འཕྲིན་གཏོང་ཁང་ལཱ་ཏེན་མེ་གླིང་ཡན་ལག་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོ་ཞེས་པའི་རྩ་འཛུགས་ཀྱིས་ཉིན་དེར་ཉིག་ཡོ་ནས་གྲོས་ཚོགས་བསྡུས་པ་དང་། ཁུ་པཱ་རྩ་འཛུགས་དེའི་ཉིས་སྟོང་ཉེར་གསུམ་ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་བདམས།

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཁུ་པཱ་ཐོག་དང་པོར་རྩ་འཛུགས་དེའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་བདམས་པ་ཡིན་ཞིང་། དེ་ནི་འགན་འཁྲི་ཆེན་པོ་ཞིག་དང་བླ་མེད་ཀྱི་གཟི་བརྗིད་ཅིག་རེད། དེས་ང་ཚོའི་རྒྱལ་ཁབ་ལ་ཁས་ལེན་ཐོབ་པར་མ་ཟད། འགན་འཁྲི་ཧ་ཅང་ཆེན་པོ་ཞིག་ཀྱང་རེད། རྒྱུ་མཚན་ནི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོ་ཞེས་པ་ནི་ཁྱབ་རྒྱ་ཆེ་ཞིང་སྣ་མང་ཅན་གྱི་ཕྱོགས་མང་མཐུན་སྦྱོར་ལས་ཁུངས་ཤིག་ཡིན་པས། ང་ཚོས་ཁུ་པཱ་ལ་བཅངས་པའི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་སྲིད་ཟེར། 

ཁུ་པཱའི་ཕྱི་འབྲེལ་པུའུ་ཡི་ཕྱོགས་མང་ལས་དོན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཟི་ཡི་ཟི་ཀྲང་ལུའུ་ཏའོ་ཧྥུའུ་པེ་ནེ་ཐི་སི་ཡིས་ཀྱང་ཉིན་དེར་སྨྱན་བྱད་བརྒྱུད་དེ་བསྟན་དོན། དེ་ནི་བླ་མེད་ཀྱི་འགན་འཁྲི་ཞིག་ཡིན་པར་མ་ཟད། ང་ཚོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱས་པར་ཁས་ལེན་བྱས་པ་ཞིག་ཀྱང་རེད་ཟེར། 

རྒྱལ་ཁབ་དོན་བདུན་སྡེ་ཚོགས་ནི་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོར་བཙུགས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གྲུབ་པའི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་ལ། དམིགས་ཡུལ་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་བའི་ཆེད་རེད། ཀྲུང་གོ་ནི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་ཡང་། ནམ་རྒྱུན་རྩ་འཛུགས་དེའི་དྲང་བདེན་འདོད་བློ་དང་ལུགས་མཐུན་གྱི་རེ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ཚུན་ལ། ཀྲུང་གོ་དང་རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱི་འབྲེལ་བར་སྔར་ཡོད་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་ཅུང་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོ་ཞེས་པའི་རྐྱེན་སྲོལ་འདི་བརྒྱུད་དེ་མཐུན་སྦྱོར་དང་མཉམ་ལས་བྱེད་མགོ་བརྩམས། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོ་ཞེས་པའི་རྩ་འཛུགས་དེ་ནི་མིག་སྔར་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རྩ་འཛུགས་ཤིག་ཡིན་པ་དང་། ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་སུམ་ཅུ་ལྷག་ཡོད། །

རྩོམ་སྒྲིག་པ། : ཕག་གྲུབ།