ཀྲུང་གོ་བོད་ཀྱི་དྲ་བ།

ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ལས་ཡོ་རོབ་གླིང་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཀྲང་ཞི་ཡཱ་ཨར་ཏའོ་ཡིས་ཚེས་ཉེར་ལྔ་ཉིན་ས་དེའི་སྤྱི་མཐུན་རླུང་འཕྲིན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིར་སྤྱད་པའི་བཀག་སྡོམ་བྱེད་ཐབས་ལས་ཡོ་རོབ་གླིང་ལ་བཟོས་པའི་གནོད་པ་དེ་ཨུ་རུ་སིར་ཐེབས་པའི་གནོད་པ་ལས་ཚབས་ཆེན་ཡིན་ལ། དེ་ནི་ངེས་པ་དོན་གྱི་ཕམ་ཁ་ཞིག་རེད་ཟེར། 

ཞི་ཡཱ་ཨར་ཏའོ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྐོར་ཐེངས་གསར་བའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ལ་གྲོས་བསྡུར་བྱེད་སྐབས། བཀག་སྡོམ་ལས་ཨུ་རུ་སི་ཕམ་ཉེས་སུ་གཏོང་བའི་ཚོད་དཔག་བྱས་མྱོང་ཡང་། དོན་དངོས་ནི་བཀག་སྡོམ་བྱེད་ཐབས་དེ་ལས་ཡོ་རོབ་གླིང་ལ་གནོད་པ་ཆེན་པོ་བཟོས་ཏེ། ཡོ་རོབ་གླིང་གི་དངུལ་ལོར་ཚད་བརྒལ་འགྲེམ་པའི་སྣང་ཚུལ་ཇེ་སྡུག་ཏུ་སོང་བ་དང་། སྤྱི་བའི་ལས་དོན་གྱི་མ་རྩ་དང་ཟས་རིགས་ཀྱི་རིན་གོང་ཇེ་མཐོར་སོང་བར་མ་ཟད། དཔལ་འབྱོར་ཐད་ཉམས་རྒུད་ཀྱི་ཉེན་ཁ་གནས་ཡོད་ཟེར། 

ཞི་ཡཱ་ཨར་ཏའོ་ཡིས་བསྟན་དོན། ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་ཁྲོད་ནས་ཁེ་ཕན་རེག་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་དེ་བཀག་སྡོམ་བྱེད་ཐབས་དབང་གིས་ཉམས་རྒུད་དུ་འགྲོ་སྐབས། ཨ་མེ་རི་ཁའི་དཔལ་འབྱོར་ལ་ཅུང་དམའ་བའི་ནུས་ཁུངས་རིན་གོང་སོགས་རྒྱུ་རྐྱེན་དབང་གིས་འགྲན་རྩོད་ནུས་པ་ཆེན་པོ་ཐོབ་ཡོད་ཟེར། 

ཞི་ཡཱ་ཨར་ཏའོ་ཡིས་ནན་གྱིས་བསྟན་དོན། ནུས་ཁུངས་མཁོ་འདོན་གྱི་བདེ་འཇགས་ནི་མ་མཐའི་ཚད་ཐིག་ཡིན་པ་དང་། ཧང་ག་རི་ཡིས་རྒྱལ་ཁབ་གཞན་པའི་ཁེ་ཕན་དང་གནོད་པའི་ཆོད་དོན་གང་རུང་ལ་ཆོག་མཆན་འགོད་མི་སྲིད་ཟེར། 

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཟླ་བདུན་པར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱད་པ་ནི་མེ་མདའ་རང་ལ་གཏད་པ་ནང་བཞིན་ཡོ་རོབ་གླིང་གི་དཔལ་འབྱོར་ལ་གནོད་པ་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : ཕག་གྲུབ།