ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་གྲོས་ཁང་གིས་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། འདེམ་དམངས་ཀྱིས་དབྱི་ཐཱ་ལེའི་རོ་མཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་པར་སྒུག་བཞིན་པ། 

2.jpg

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། འདེམ་དམངས་ཀྱིས་དབྱི་ཐཱ་ལེའི་རོ་མཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་གྲོས་ཁང་གིས་ཚེས་ཉེར་ལྔ་ཉིན་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་མགོ་བརྩམས། དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པ། ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བར་མཐུན་སྦྱོར་བྱེད་པ་བཅས་ནི་ཐེངས་འདིའི་འདེམ་བསྐོའི་ཁྲོད་འདེམ་དམངས་དག་གིས་སེམས་ཁུར་བྱེད་པའི་གྲོས་གཞི་ཆེན་པོ་གསུམ་རེད། 

དབྱི་ཐཱ་ལེའི་ས་ཁུལ་སོ་སོའི་འདེམ་ཤོག་འཕེན་ས་ཉིན་དེར་སྔ་མོ་ནས་སྒོ་ཕྱེས་ཏེ་འདེམ་ཤོག་འཕེན་པའི་ལས་རིམ་མགོ་བརྩམས་ཡོད། དབྱི་ཐཱ་ལེའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འདེམ་བསྐོ་ལ་བསྡོམས་པས་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འཚམ་པའི་འདེམ་དམངས་བྱེ་བ་ལྔ་དང་འབུམ་བརྒྱད་ཁྲི་དྲུག་ཙམ་ཡོད། འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར། 

འདེམ་བསྐོའི་བྱ་འགུལ་མགོ་མ་བརྩམས་གོང་གི་དམངས་ཀྱི་འདོད་བློའི་ཞིབ་བཤེར་མཇུག་འབྲས་ལྟར་ན། དབྱི་ཐཱ་ལེའི་སྤུན་ཟླའི་ཏང་དང་མནའ་འབྲེལ་ཏང་། དབྱི་ཐཱ་ལེའི་སྟོབས་ཤུགས་ཏང་བཅས་ཀྱིས་གྲུབ་པའི་དཀྱིལ་དབུས་གཡས་ཕྱོགས་མནའ་འབྲེལ་གྱི་རྒྱབ་སྐྱོར་ཚད་ནི་བརྒྱ་ཆའི་ཞེ་བདུན་ཡིན་པ་དང་། དམངས་གཙོ་ཏང་གིས་མགོ་ཁྲིད་པའི་དཀྱིལ་དབུས་གཡོན་ཕྱོགས་མནའ་འབྲེལ་གྱི་རྒྱབ་སྐྱོར་ཚད་བརྒྱ་ཆའི་ཉེར་བརྒྱད་ཡིན་ལ། སྐར་ལྔའི་ལས་འགུལ་ཏང་གི་རྒྱབ་སྐྱོར་ཚད་བརྒྱ་ཆའི་བཅུ་གསུམ་ཙམ་རེད་ཟེར།

ད་ལོའི་ཟླ་བདུན་པར། དབྱི་ཐཱ་ལེའི་མཉམ་འབྲེལ་སྲིད་གཞུང་ནང་ཁུལ་གྱི་ཏང་ཁག་མང་བོ་སྲིད་གཞུང་ལ་ཡིད་ཆེས་པའི་འདེམ་ཤོག་འཕེན་པར་ཞུགས་མེད་པས། ཙུང་ལི་ཏི་ལཱ་ཅི་ཡིས་མཉམ་བའྲེལ་སྲིད་གཞུང་ལ་གཞོགས་འདེགས་བྱེད་པའི་ཡིད་ཆེས་ཀྱི་རྨང་གཞི་མེད་པར་གྱུར་ཡོད་པའི་ཚུལ་བསྟན་ནས། ཐེངས་གཉིས་ལ་ཙུང་ཐུང་མཱ་ཐཱ་ལོས་ལཱ་ལ་ལས་འཁྱུར་སྙན་ཞུ་སྤྲད་པ་དང་། དེའི་རྗེས་སུ་མཱ་ཐཱ་ལོས་ལཱ་ཡིས་གྲོས་ཁང་གཏོར་ནས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཏི་ལཱ་ཅི་ཡིས་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།