ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་མིའི་རིགས་ཀྱི་ཕན་བདེ་གཙོར་བཟུང་ནས་ཕྱོགས་མང་བོའི་རྒྱལ་སྤྱིའི་མ་ལག་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཉེ་སྔོན་ཉིག་ཡོ་ནས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་དམངས་འཚོ་དང་མིའི་རིགས་ཡོངས་ཀྱི་ཕན་བདེ་གཙོར་བཟུང་སྟེ། ཕྱོགས་མང་བོའི་རྒྱལ་སྤྱིའི་མ་ལག་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར། 

མའོ་ལོས་ཨར་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་བཅུའི་ནང་། ས་ཁུལ་དྲག་ཆས་འཁྲུག་རྩོད་ཀྱི་ཁྱབ་ཁོངས་དང་གཞི་རྒྱ་སྔར་ལས་ཇེ་ཆེར་སོང་བ་དང་། ནམ་ཟླའི་འགྱུར་ལྡོག་དང་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་དང་ས་ཁུལ་གྱི་འཕེལ་རྒྱས་ཐད་ཀྱི་དུས་ཡུན་རིང་བོའི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ལ། འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཟེར། 

མའོ་ལོས་ཨར་གྱིས་བཤད་རྒྱུར། སྔར་ལས་ཇེ་མང་དུ་འགྲོ་བཞིན་པའི་དྲག་ཆས་འཁྲུག་རྩོད་ནི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རེད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལས་ཁུངས་ཀྱིས་ནུས་པ་ཅི་འདྲ་འདོན་སྤེལ་བྱེད་ཐུབ་མིན་དེ། ཚད་ངེས་ཅན་སྟེང་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་ཆབ་སྲིད་རེ་འདུན་ལ་རག་ལས་ཡོད་ཟེར། རྙོག་འཛིང་ཆེ་ཞིང་ཡུན་རིང་བའི་འཁྲུག་རྩོད་མང་བོར་སྟོབས་དང་ལྡན་པའི་ཕྱོགས་མང་བོའི་མཉམ་ལས་དང་སྐུལ་འདེད་མེད་ན་ཐག་གཅོད་བཟང་བོ་ཐོབ་ཐུབ་མེད་པས། དེ་བས་སྔར་ལས་སྟོབས་དང་ལྡན་པའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལས་ཁུངས་ཤིག་འཛུགས་དགོས་པ་དང་། རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་མིག་སྔའི་རྙོག་འཛིང་གི་འགྲན་རྩོད་ཐག་གཅོད་བྱེད་མི་ཐུབ་ཟེར། 

རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་བའི་ལོ་ངོ་བཅུར་ཕྱིར་དྲན་བྱས་ཏེ་མའོ་ལོས་ཨར་གྱིས་བསྟན་དོན། རང་ཉིད་ལ་ཚོར་སྣང་ཟབ་མོ་ཞིག་བྱུང་བ་ནི་རང་ཉིད་ཀྱིས་བསྒྲུབ་པའི་བྱ་བ་དག་གིས་ངེས་པ་དོན་གྱིས་གནོད་ཐེབས་ས་ཁུལ་ལ་ཞབས་ཞུ་ཐོབ་པ་མཐོང་བ་དེ་རེད། དཔེར་ན་རོགས་འཛུགས་བྱས་པའི་སྨན་ཁང་གིས་ས་གནས་ཀྱི་མང་ཚོགས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་པ་དང་། འཐབ་འཁྲུག་སོགས་ཀྱི་དབང་གིས་ཕ་མ་དང་བྲལ་བའི་བྱིས་པ་དག་ཁྱིམ་མི་དང་ལྷན་འཛོམས་བྱུང་བ་སོགས་ཀྱིས་རང་སེམས་ལ་དྲོད་ཁོལ་སྦྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།