ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་ཡིས་ཁཱ་ཐར་དུ་འཚམས་འདྲི་བྱས་ཏེ་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་ཐར་ཨེད་མུས་ཨེར་རྒྱལ་ཁབ་ཀྱི་གཙོ་འཛིན་ཐཱ་མུས་མུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཁཱ་ཐར་གྱིས་འཇར་མན་དུ་རང་བྱུང་སོལ་རླངས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཧྲའོ་ཨར་ཚི་ཉིན་དེར་ཏའོ་ཧཱ་རུ་འབྱོར་ནས་ཁཱ་ཐར་ལ་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁཱ་ཐར་གྱི་མགོ་གཙོའི་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་དངུལ་གཏོང་། ནུས་ཁུངས། དམག་དོན། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་བསྡུར་བྱས་ཟེར། 

ཐཱ་མུས་མུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཀུང་ཟི་ཡིས་ནུས་ཁུངས་ཁྱབ་ཁོངས་སུ་དངུལ་གཏོང་གོ་སྐབས་འཚོལ་ཞིབ་བྱེད་བཞིན་ཡོད་ཅིང་། ཁཱ་ཐར་གྱིས་ལོ་མང་བོའི་རིང་ལ་ཧུར་ཐག་སྒོས་བྱང་ཕྱོགས་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་གཞི་རྒྱ་རྒྱ་བསྐྱེད་དེ་འཛམ་གླིང་ཡོངས་ཀྱི་ཉིན་རེར་ཇེ་མཐོར་འགྲོ་བཞིན་པའི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པར་བརྩོན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་སྐབས། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན། 

ཧྲའོ་ཨར་ཚི་ཡིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཁཱ་ཐར་གྱི་གཤེར་གཟུགས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པའི་ཐད་ནས་གྲུབ་འབྲས་ཐོབ་པར་རེ་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་གློག་ཤུགས་ཐོན་སྐྱེད་དང་མཁའ་འགྲུལ། ལག་རྩལ་གསར་བའི་གསར་སྤེལ། སྒྲིག་ཆས་ཆེ་གྲས་ཀྱི་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

ཁཱ་ཐར་ནི་ཧྲའོ་ཨར་ཚི་ཡི་ཐེངས་འདིའི་མཚོ་ཁུགས་འགྲུལ་བཞུད་ཀྱི་ས་ཚིགས་གསུམ་པ་ཡིན་ཞིང་། དེའི་སྔོན་ཁོས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད། ནུས་ཁུངས་མཁོ་འདོན་འཚོལ་ཞིབ་བྱེད་པ་ནི་དམིགས་ཡུལ་གཙོ་བོ་ཞིག་རེད། ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་ཡོ་རོབ་གླིང་གི་ནུས་ཁུངས་ཉམས་ཉེན་ཇེ་སྡུག་ཏུ་སོང་ཡོད། འཇར་མན་སོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་སྣང་ཚུལ་བསྒྱུར་ནས། ནུས་ཁུངས་ནང་འདྲེན་གྱི་ཐབས་ལམ་གསར་བ་ཞིག་གསར་འབྱེད་བྱེད་རྩིས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།