ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་མེ་གསོད་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་མེ་གསོད་གྱེན་འཕུར་གནམ་གྲུ་ཞིག་ཚེས་ཉེར་གཅིག་ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཏའེ་ནེ་ཙི་ལེ་ཞིང་ཆེན་ནས་སར་ལྷུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག

ཐུར་ཁེའི་ནང་སྲིད་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེའི་སྟེང་བསྡོམས་པས་མི་བདུན་ཡོད་པ་དང་། ཨུ་རུ་སིའི་མི་ལྔ་དང་ཐུར་ཁེའི་མི་གཉིས་འདུས་ཟེར། ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འདས་པོ་གཉིས་ནི་ཨུ་རུ་སིའི་མི་ཡིན་པ་དང་། མི་གཅིག་བཟོ་སྐྲུན་པ་དང་གཞན་པ་ནི་ལག་རྩལ་མི་སྣ་རེད་ཟེར། 

བསྒྲགས་པ་ལྟར་ན། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེ་ཉིན་དེར་མཚོ་ནག་འགྲམ་གྱི་ཁཱ་སི་ཐཱ་མའོ་ནོའུ་ཞིང་ཆེན་ནས་འཕུར་ཏེ། མུའུ་ལཱ་ཞིང་ཆེན་གྱི་མཱ་ཨར་མཱ་ལི་སི་རུ་མེ་གསོད་དུ་སོང་བ་དང་། ལམ་བར་ནས་ཏའེ་ནེ་ཙི་ལེ་ཞིང་ཆེན་གྱི་ལྷོ་ནུབ་མཚམས་ནས་སར་ལྷུང་བ་རེད། མིག་སྔར་དཔོན་རིགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་བསྒྲགས་མེད་པ་དང་། ཏའེ་ནེ་ཙི་ལེ་ཞིང་ཆེན་སྲིད་གཞུང་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།