ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་པཱ་ལིན་གྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། དབྱི་སི་རལ་གྱི་དཔལ་འབྱོར་དང་བཟོ་ལས་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་པཱ་ལིན་གྱིས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་བརྩམས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་པུའུ་ཀྲང་གིས་ཚེས་བཅུ་དགུ་ཉིན་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་གྲོས་མོལ་བྱས་པ་དང་། མཉམ་དུ་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་གཉིས་ཀྱིས་དངོས་ཟོང་དང་ཞབས་ཞུའི་ཉོ་ཚོང་དང་། ལྟ་རྟོག་དོ་དམ། ཚད་ལྡན་ཅན། སྒོ་ཁྲལ། སྲིད་གཞུང་གི་ཉོ་སྡུད། གློག་རྡུལ་ཚོང་དོན། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་སོགས་ཀྱི་ཐད་ནས་གྲོས་མོལ་བྱས་ཏེ། རང་དབང་ཉོ་ཚོང་གི་གྲོས་ཆོད་ཅིག་འགོད་པར་རེ་བཞིན་ཡོད། 

དབྱི་སི་རལ་དང་པཱ་ལིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བར་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གྲོས་མཐུན་བཀོད་པ་དང་། ཟླ་བཅུ་བར་མཉམ་འབྲེལ་སྤྱི་སྒྲོག་བཀོད་དེ་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་དཔལ་འབྱོར་དང་བཟོ་ལས་པུའུ་ཡི་གཞི་གྲངས་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ས་ཡ་བདུན་དང་འབུམ་ལྔ་ཙམ་རེད། 

དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ད་ལོའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་གྲོང་ཁྱེར་ནས་དངོས་སུ་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ་དང་། དེ་ནི་དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་བར་བཀོད་པའི་རང་དབང་ཉོ་ཚོང་གྲོས་ཆོད་ཐོག་མར་གྱུར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།