ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱིས་མཐའ་མཚམས་ཀྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་གྲོས་ཆོད་ཡི་གེ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་ཅུའུ་ཡིས་ཚེས་ཉི་ཤུ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱིས་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་དམིགས་པའི་གྲོས་ཆོད་ཡི་གེ་ཞིག་བཀོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་གཞོན་པའམ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐཱ་ཞེ་ཡེ་ཧྥུའུ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡཱ་ཅི་མའོ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་གནད་དོན་ཐད་ནས་གྲོས་མོལ་བྱས། གྲོས་མོལ་གྱི་མཇུག་འབྲས་དང་ཕྱོགས་གཉིས་ཀྱིས་ཚེས་བཅུ་དྲུག་ཉིན་བཀོད་པའི་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར་དུ། ཕྱོགས་གཉིས་ཀྱིས་གྲོས་ཆོད་ཡི་གེ་དེ་བཀོད་པ་རེད། གྲོས་ཆོད་ཡི་གེ་ལྟར་ན། ཕྱོགས་གཉིས་ཀྱིས་དགྲར་འཛིན་འགུལ་སྐྱོད་ཡོངས་སུ་མཚམས་འཇོག་པ་དང་། དམག་དཔུང་དང་དམག་དོན་སྒྲིག་ཆས་དག་སྔོན་ཆད་ཀྱི་བཅའ་སྡོད་རྟེན་གཞིར་ཕྱིར་འཐེན་བྱེད་རྒྱུ་མ་ཟད། མཉམ་དུ་མཐའ་མཚམས་སོ་ལྟ་ཁང་ལ་ལྟ་ཞིབ་བྱེད་རྒྱུ་རེད། ཕྱོགས་གཉིས་ཀྱིས་ད་རུང་ཉེ་སྔོན་བྱུང་བའི་དྲག་ཆས་འཁྲུག་རྩོད་ལ་རྩད་ཞིབ་གསལ་བོ་བྱས་ཏེ། མུ་མཐུད་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་ཆེད་མཉམ་དུ་བྱ་བ་སྤེལ་རྒྱུ་རེད། 

གཞན་ཡང་ཐཱ་ཅི་ཁི་སི་ཐན་གྱི་ཨ་ཝེ་སི་འཕྲིན་གཏོང་ཁང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། ཡཱ་ཅི་མའོ་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་ཅིར་ཅི་སི་སི་ཐན་བར་གྲོས་ཆོད་ཡི་གེ་བཀོད་རྗེས་བསྟན་དོན། ང་ཚོས་ཐུན་མོང་གླེང་གཞི་བཙལ་ནས་ཐུན་མོང་ལྟ་ཚུལ་བཀོད་ཡོད་ལ། ངེས་པ་དོན་གྱི་ཞི་བདེ་དེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ནས་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཅིར་ཅི་སི་སི་ཐན་གྱི་པཱ་ཐི་ཁུན་མངའ་སྡེ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་མཚམས་ས་ཁུལ་དུ་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་དྲག་ཆས་འཁྲུག་རྩོད་བྱུང་སྟེ། ཕྱོགས་གཉིས་ཀྱི་མི་སྣར་ཤི་རྨས་ཐེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།