ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་མཐའ་མཚམས་ཀྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་པཱ་དབྱེ་ལཱ་མའོ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མུས་ཨར་ཙོ་དབྱང་གཉིས་ཀྱིས་ས་དེའི་ཚེས་བཅུ་དགུ་ཉིན་ཉིག་ཡོ་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཨ་སེ་པེད་ཅང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། པཱ་དབྱེ་ལཱ་མའོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨེ་མེ་ནི་ཡཱི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བ་དང་ས་ཁུལ་གྱི་འགྲིམ་འགྲུལ་སླར་གསོ་བྱེད་པ། རྒྱལ་མཚམས་བགོ་བ་སོགས་ཀྱི་གནད་དོན་ལ་བར་ཆད་བཟོས་ཏེ། དེའི་སྔོན་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་ཕྱོགས་གསུམ་གྱིས་བཀོད་པའི་གསལ་སྒྲོག་གི་ནང་དོན་ལ་འགལ་ཡོད་ཟེར། པཱ་དབྱེ་ལཱ་མའོ་ཧྥུའུ་ཡིས་བལྟས་ན། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བྲེལ་མྱུར་གྲོས་མོལ་བྱས་ནས། ཕྱོགས་གསུམ་གྱི་གསལ་སྒྲོག་དང་པུའུ་ལུའུ་སེར་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་ཐོབ་སྟེ་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་པར་འདོད། 

ཨེ་མེ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། མུས་ཨར་ཙོ་དབྱང་གིས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། དྲག་ཤུགས་བཀོལ་བའམ་ཡང་ན་དྲག་ཤུགས་ཀྱིས་ཕན་ཚུན་འཇིགས་སྐུལ་བྱེད་པ་ནི་དང་ལེན་བྱེད་ཐབས་མེད་པས། ངེས་པར་དུ་རྒྱལ་སྤྱིའི་རྐྱེན་སྲོལ་བེད་སྤྱད་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་དང་། བཟུང་དམག་བརྗེ་སྤོར་བྱེད་པ་འདུས་པའི་མི་ཆོས་རིང་ལུགས་ཀྱི་གནད་དོན་མྱུར་དུ་ཐག་གཅོད་བྱེད་དགོས་ཟེར། མུས་ཨར་ཙོ་དབྱང་གིས་བསྐྱར་བསྒྲགས་བྱས་དོན། ཨེ་མེ་ནི་ཡཱ་ཕྱོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འཕེལ་རིམ་ནང་ཞུགས་འདོད་ཡོད་ཟེར། 

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། ཕ་རོལ་བས་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་བ་དང་། མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་བསླངས་པར་སྐྱོན་འཛུགས་བྱས། ཨ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་ཨེ་མེ་ནི་ཡཱ་ཕྱོགས་ཀྱི་མི་ཉིས་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར་བའམ་གར་སོང་རྙེད་མེད་ཟེར། ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་འཁྲུག་རྩོད་ལས་ཨ་སེ་པེད་ཅང་ཕྱོགས་ཀྱི་མི་བདུན་ཅུ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།