ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཉིག་ཡོ་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཉིག་ཡོ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་ཕྱི་འབྲེལ་བློན་ཆེན་ཕེའོ་ཀྲིན་གྱིས་ཚེས་བཅུ་དགུ་ཉིན་ཉིག་ཡོ་ཡི་མན་ཧཱ་ཏོན་གྱི་མགྲོན་ཁང་ཞིག་ནས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཧྥང་ཀྲིན་དང་གྲོས་མོལ་བྱས་ཟེར། 

ཕེའོ་ཀྲིན་གྱིས་གྲོས་མོལ་བྱས་རྗེས་གསར་འགོད་པར་བསྟན་དོན། ཕྱོགས་གཉིས་ཀྱིས་གྲོས་གཞི་མང་བོའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་གྲོས་མོལ་སྣང་ཚུལ་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་དཀའ་གནད་ཆེན་པོ་སྟེ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་པན་གྱིས་བཙན་བསྡུ་བྱས་པའི་ངལ་རྩོལ་པའི་གནོད་ཐེབས་མཁན་ལ་སྐྱིན་ཚབ་སྤྲོད་པའི་གྱོད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་རེད། 

བསྒྲགས་པ་ལྟར་ན། ཕེའོ་ཀྲིན་གྱིས་འཇར་པན་ཕྱོགས་ལ་ཧན་གོའི་སྲིད་གཞུང་གིས་དམངས་དཔོན་གྲོས་མོལ་རྐྱེན་སྲོལ་ལ་བརྟེན་ནས་གྲོས་བསྡུར་བྱས་ཤིང་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་ནས་མ་དངུལ་བཏང་སྟེ་བཙུགས་པའི་ཐེབས་རྩ་སོགས་ཇུས་གཞི་སྐོར་ཞིག་མཚམས་སྦྱོར་བྱས་པ་དང་། གནོད་ཐེབས་མཁན་གྱི་ལངས་ཕྱོགས་བརྒྱུད་སྒྲོག་བྱས། 

ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཕེའོ་ཀྲིན་གྱིས་འཇར་པན་ཕྱོགས་ལ་ཧན་གོའི་ལས་རིགས་སོ་སོའི་བསམ་འཆར་མཚམས་སྦྱོར་བྱས་པར་མ་ཟད། འཇར་པན་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གི་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་། འཇར་པན་ཕྱོགས་ཀྱིས་ནན་ཏན་གྱིས་ཧན་གོའི་བསམ་འཆར་ལ་ཉན། 

ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཡང་བསྐྱར་ཕྱིན་ཆད་མུ་མཐུད་དུ་ཕྱི་འབྲེལ་སྡེ་ཁག་བར་གྱི་གྲོས་མོལ་དང་འབྲེལ་འདྲིས་སྲུང་འཛིན་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་བཀོད། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་སྔ་མོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པ་བསྐྱར་སྒྲོག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།