མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་གསོའི་བཅོས་སྒྱུར་གྱི་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་ཀུའུ་ཐི་ལོས་སི་ཡིས་ཕྱོགས་ལྔའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། སློབ་གསོའི་བཅོས་སྒྱུར་གྱི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་བཅུ་དགུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། སློབ་གསོ་ཉམས་ཉེན་གྱི་གནས་སུ་ལྷུང་ཡོད་པས་སློབ་གསོའི་བཅོས་སྒྱུར་ལ་འགོར་འགྱངས་གཏན་ནས་བྱེད་མི་རུང་ཟེར། 

ཀུའུ་ཐི་ལོས་སི་ཡིས་མགོ་ཁྲིད་པའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སློབ་གསོ་འདྲ་མཉམ་མིན་པའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དབུལ་ཕོངས་རྒྱལ་ཁབ་ཀྱི་ལོ་བཅུའི་ནང་གི་བྱིས་པ་བཅུ་ཆའི་བདུན་གྱིས་ཡིག་ངོ་མི་ཆོད་པ་དང་། བྱིས་པ་དེ་དག་སློབ་བྱོལ་བྱས་པའམ་ཡང་ན་སློབ་གྲྭ་ནས་ཕལ་ཆེར་ཤེས་བྱ་གང་ཡང་སློབ་ཐབས་མེད། དབུལ་བོ་དང་ཁྱད་པར་དུ་བུ་མོ་ལོ་ཆུང་དང་། ཁྱིམ་གཞིས་དང་བྲལ་བའི་མི། དེ་མིན་དབང་བོ་སྐྱོན་ཅན་བཅས་ཀྱིས་སྤུས་ལེགས་སློབ་གསོ་མྱོང་བའི་ཐད་དཀའ་ཁག་མང་བོ་གནས་ཡོད་ལ། ལས་དབང་དེ་བསྒྱུར་བར་དཀའ་ཁག་ཆེན་པོ་ཡོད། འབྱོར་ལྡན་པ་དག་ལ་སློབ་གསོའི་ཐོན་ཁུངས་བཟང་བོ་ཐོན་པའི་དབང་གིས་བྱ་བའང་བཟང་བོ་རེག་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་སློབ་གསོར་གནོད་པ་བཟོས་ཡོད་ཀྱང་། སློབ་གསོའི་ཉམས་ཉེན་དེ་རིམས་ནད་མ་བྱུང་སྔོན་ནས་བྱུང་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཕྱོགས་ལྔ་ནས་སློབ་གསོའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། གཅིག་ནས་བུ་མོ་ལོ་ཆུང་དང་བཅས་པའི་མི་ཚང་མའི་སྤུས་ལེགས་སློབ་སྦྱོང་མྱོང་བའི་ཁེ་དབང་ལ་འགན་སྲུང་བྱེད་དགོས། གཉིས་ནས་དགེ་རྒན་གྱི་ནུས་པ་དང་རྩལ་ནུས་གསོ་སྐྱོང་ལ་མཐོང་ཆེན་བྱེད་དགོས། གསུམ་ནས་སློབ་གྲྭ་དེ་བདེ་འཇགས་དང་བདེ་ཐང་གི་གནས་ཤིག་ཏུ་འགྱུར་བར་བྱེད་པ་ལས་གཏུམ་སྤྱོད་དང་བརྙས་བཅོས། འཇིགས་སྐུལ་བཅས་ཀྱི་བྱ་སྤྱོད་གཏན་ནས་ཡོད་མི་རུང་། བཞི་ནས་གྲངས་ལྡན་གསར་བརྗེ་ལས་སློབ་སྦྱོང་བྱེད་མཁན་ཚང་མར་ཕན་ཐོགས་འབྱུང་དགོས། ལྔ་ནས་སློབ་གསོའི་དངུལ་གསོག་ཇེ་མང་དུ་བཏང་སྟེ་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་དགོས། 

ཀུའུ་ཐི་ལོས་སི་ཡིས་ཕྱོགས་སོ་སོས་མཉམ་དུ་སློབ་གསོའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མི་ཚང་མས་ཚེ་གང་བོར་སློབ་སྦྱོང་བྱེད་པ་དང་བདེ་བླག་ངང་འཚར་ལོངས་འབྱུང་བ། ཕུགས་འདུན་མངོན་འགྱུར་བྱེད་དུ་བཅུག་ནས། རྒྱུན་མཐུད་དང་བཟོད་སྒོམ། དྲང་བདེན། ཞི་བདེ་བཅས་ཀྱི་འཇིག་རྟེན་ཞིག་གསར་བསྐྲུན་བྱེད་དགོས་པའི་སྐུལ་མ་བཏང་། 

སློབ་གསོའི་བཅོས་སྒྱུར་གྱི་མཐོ་རིམ་གྲོས་ཚོགས་ནི་ཀུའུ་ཐི་ལོས་སི་ཡིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གཟའ་འཁོར་བྱ་འགུལ་སྐབས་སུ་སྤེལ་བའི་བྱ་འགུལ་གལ་ཆེན་ཞིག་རེད། མཐོ་རིམ་གྲོས་ཚོགས་སྐབས་སུ། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་སློབ་གསོའི་ཆེད་མངག་ཕོ་ཉ། དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལིང་དང་མཉམ་དུ་རྒྱལ་སྤྱིའི་སློབ་གསོའི་དངུལ་གསོག་ཡོ་བྱད་བཏོན་ནས། མ་དངུལ་མེ་སྒོར་ཐེར་ཆེན་གཅིག་གསོག་ནས་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ཀྱི་སློབ་གསོའི་ཐད་རོགས་རམ་བྱེད་རྒྱུའི་འཆར་གཞི་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།