ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉམས་ཉེན་མང་བོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཐེངས་གསུམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དུས་སྐབས་ཞེས་པའི་མཐོ་རིམ་བྱ་འགུལ་སྟེང་ཞུ་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཉམས་ཉེན་མང་བོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དེ་འཆར་གཞི་ལྟར་མངོན་འགྱུར་བྱེད་པར་ཉེན་ཁ་བཟོ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དེ་ཆོད་དོན་རང་བཞིན་གྱི་དུས་སྐབས་སུ་བསླེབས་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་འབད་བརྩོན་ཆེན་པོ་བྱས་ཏེ། འཛམ་གླིང་ཡང་བསྐྱར་རྒྱུན་ལྡན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཐེངས་གསུམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དུས་སྐབས་ཞེས་པའི་མཐོ་རིམ་བྱ་འགུལ་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། འཁྲུག་རྩོད་དང་ནམ་ཟླའི་གནོད་འཚེ། ཡིད་ཆེས་ཉམས་པ་དང་ཁ་བྲལ། དབུལ་ཕོངས། འདྲ་མཉམ་མིན་པ་དང་མཐོང་ཆུང་། ཟས་རིགས་དང་ནུས་ཁུངས་ཀྱི་རིན་གོང་ཇེ་མཐོར་འགྲོ་བ། ལས་ཤོར་དང་ཡོང་འབབ་ཇེ་དམའ་ཇེ་དམའ་རུ་འགྲོ་བ། གཞི་རྒྱ་ཆེ་བའི་གནས་སྤོར་དང་གཞིས་ཁྱིམ་དང་བྲལ་བ། འཛམ་གླིང་ཡོངས་ཀྱི་རིམས་ནད་ཆེན་མོའི་ཤུགས་རྐྱེན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སླར་གསོའི་འཕེལ་རིམ་ཁྲོད་དངུལ་གསོག་ཐབས་ལམ་མེད་པ་སོགས་ཀྱི་དཀའ་ཁག་དང་འགྲན་རྩོད་མི་ཉུང་བའི་དབང་གིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དེ་སྔར་ལས་རྒྱང་ཐག་ཇེ་རིང་དུ་བཏང་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཕེལ་རྒྱས་དང་སློབ་གསོ། ལ་རྒྱ་ཡོད་པའི་བྱ་བ། བུད་མེད་དང་བུ་མོ་ལོ་ཆུང་གི་འདྲ་མཉམ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མུ་མཐུད་དུ་ངང་སྒུག་གཏན་ནས་བྱེད་མི་རུང་། དམངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་དང་ནམ་ཟླའི་འགུལ་སྐྱོད། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་སོགས་གནད་དོན་ཐག་གཅོད་བྱེད་པ་ཡང་སང་དང་གནངས་ལ་བསྐྱུར་མི་རུང་། གནད་དོན་དེ་དག་གི་ཐད་ནས་ན་གཞོན་དང་མ་འོངས་པའི་མི་རབས་མང་བོ་རེ་ཆད་བྱེད་དུ་འཇུག་མི་རུང་ལ། ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་དགོས། ད་ལྟ་ཆོད་དོན་རང་བཞིན་གྱི་དུས་སྐབས་སུ་བསླེབས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་སྤྱི་དང་སྒེར་གཉེར་སྡེ་ཁག་གིས་དངུལ་གཏོང་ལ་ཤུགས་སྣོན་བྱེད་པའི་ཞོར་དུ་དངུལ་ལོར་སྒྲོམ་གཞི་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པའི་ཕྱོགས་སུ་བཅོས་བསྒྱུར་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དངུལ་གསོག་དང་དངུལ་བུན་ཇེ་ཉུང་དུ་གཏོང་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་རྒྱལ་ཁབ་སོ་སོས་བདེ་ཐང་དང་སློབ་གསོ་སོགས་ཐད་ལ་དངུལ་གཏོང་བྱས་ཏེ་དམངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་ད་རུང་ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉམས་དམས། སྦགས་བཙོག་བཅས་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཆེན་པོ་གསུམ་ཐག་གཅོད་བྱས་ཤིང་། ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྒྲོམ་གཞིར་རྒྱབ་སྐྱོར་བྱེད་པ་དང་། འགྱུར་རྡོ་ལྟ་བུའི་འབར་རྫས་ལ་བརྟེན་པའི་སྣང་ཚུལ་བསྒྱུར་ཏེ། རྒྱལ་ཁབ་ཚང་མས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་རིམ་འཕར་བྱ་བ་མགོ་རྩོམ་དགོས་པའི་སྐུལ་མ་བཏང་། 

སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཀྲུའུ་ཞི་ཁི་ལེ་ཞེ་ཡིས་ཀྱང་ཉིན་དེར་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཧྲིལ་བོ་ཉམས་ཉེན་མང་བོར་འཕྲད་པའི་གནས་ཚུལ་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ཐད་འབད་འབུངས་བྱེད་པ་དེ་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་གལ་འགངས་ཆེ་བར་མངོན་ཟེར། ཁོས་བཤད་རྒྱུར། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནང་འདུས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་བཅུ་བདུན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྒྲུབ་དགོས་པའི་ལས་དོན་གསལ་ཁྲ་ཡིན་པ་དང་། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གི་ལས་འགན་གསལ་ཁྲར་ཡང་འགྱུར་དགོས་ཟེར། མ་འོངས་པའི་ལོ་གཅིག་གི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན། ཆུའི་ཐོན་ཁུངས། གནོད་འཚེ་ཉེན་ཁ་སོགས་གནད་དོན་ལ་འབྲེལ་བའི་གྲོས་ཚོགས་གལ་ཆེན་མང་དུ་བསྡུས་ཏེ། འབྲེལ་ཡོད་གནད་དོན་དང་ཉམས་ཉེན་གྱི་ཆེད་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།