ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ཏི་མཱ་ལཱ་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ཏི་མཱ་ལཱའི་མེ་གསོད་སྡེ་ཁག་གིས་ཚེས་བཅོ་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཁི་སཱ་ཨར་ཐི་ནན་ཀི་གྲོང་ཁྱེར་དུ་ཉིན་དེའི་ཞོགས་པར་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། དོན་རྐྱེན་ནི་གྲོང་ཁྱེར་དེར་སྤེལ་བའི་རང་བཙན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་བྱུང་བ་དང་། མི་བཅུ་ཕྲག་འགའ་ཡོད་པའི་ཡུལ་དངོས་ཀྱི་ལྟད་མོ་བ་ཚོགས་ར་དང་འབྲལ་སྐབས་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བྱ་འགུལ་དེར་ཧ་ལམ་མི་སྟོང་ལྔ་ཞུགས་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་ཚོགས་རའི་འཛུལ་སྒོ་གློ་བུར་དུ་བརྒྱབ་པ་དང་། གཞུག་གི་མིས་སྔོན་ལ་བཙིར་ནས་མཇུག་མཐར་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།