ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པ་འཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འཚོགས། 

2.jpg

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུ་ཚིག་ཕུལ། 

3.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

4.jpg

ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུ་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པ་ཚེས་བཅུ་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འཚོགས་མགོ་བརྩམས། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཐོག་དང་པོར་ཡུལ་དངོས་ནས་བསྡུས་པའི་གྲོས་ཚོགས་ཐོག་མ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་ཉམས་ཉེན་ཁྲོད་དུ་གནས་ཡོད་ཅིང་། ཞི་བདེ་དང་འགྲོ་མིའི་ཐོབ་ཐང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་དཀའ་ཁག་སྣ་ཚོགས་གནས་ཡོད་པ་དང་། འཁྲུག་རྩོད་དང་ནམ་ཟླའི་འགྱུར་ལྡོག དབུལ་ཕོངས། འདྲ་མཉམ་མིན་པ། ལྟོགས་སྐོམ། ཁ་བྲལ། ཡིད་ཆེས་མེད་པ་སོགས་ཀྱི་འཇིགས་ཉེན་དང་འགྲན་རྩོད་ལས་ང་ཚོས་མུ་མཐུད་དུ་མཐུན་སྒྲིལ་གཅིག་གྱུར་བྱེད་པའི་རེ་བ་བཏོན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞེ་ཡིས་མཐུན་སྒྲིལ་དང་རྒྱུན་མཐུད་འདུ་ཤེས། ཚན་རིག་བཅས་ལས་བྱུང་བའི་ཐག་གཅོད་ཇུས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་བྱ་བར་མཛུབ་སྟོན་བྱེད་པའི་ཐད་བཀོལ་བར་གཟེངས་བསྟོད་བྱས་པ་དང་། ང་ཚོས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱས་ཏེ། སྔར་ལས་བཟང་ཞིང་ཞི་བདེ་ལྡན་པའི་མ་འོངས་པའི་ཆེད་དུ་ཐག་གཅོད་ཇུས་གཞི་གཏན་འབེབས་བྱེད་སྐབས་གོང་གི་རྒྱུ་རྐྱེན་དེ་གསུམ་གལ་འགངས་ཆེ་བ་ནན་བཤད་བྱས། 

ཁི་ལེ་ཞེ་ཡིས་བཤད་རྒྱུར། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཤིང་དྲ་རྒྱ་ཅན་དང་ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ་མིའི་རིགས་ཀྱིས་ཆེས་དགོས་གལ་ཆེ་བའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ལ། ང་ཚོ་མཐུན་སྒྲིལ་གཅིག་གྱུར་ཐུབ་པའི་ཕྱོགས་མང་རིང་ལུགས་ཐད་འབད་འབུངས་བྱེད་དགོས། ང་ཚོའི་འགན་འཁྲི་ནི་འགལ་བ་བྱུང་བའི་སྐབས་སུ་མཐུན་སྒྲིལ་བྱེད་པ་དང་འགལ་བ་ཚབས་ཆེན་བྱུང་བའི་སྐབས་སུ་འབྲེལ་ཟམ་འཛུགས་རྒྱུ་དེ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པ་ཚེས་བཅུ་གཉིས་ཉིན་གྲོལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞི་ཧྲ་ཞེ་ཏི་ཡིས་ཞུ་ཚིག་ཕུལ་བ་དང་། ཁི་ལེ་ཞེ་ཡིས་དམ་བཅའ་བཞག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞིའི་ལས་འགན་ཁུར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག ཞིབ་བཤེར་བཅས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་གྲུབ་པ་རེད། ཚོགས་ཆེན་དེས་ལོ་རེའི་ཟླ་དགུ་བ་ནས་ཟླ་བཅུ་གཉིས་བའི་བར་རྒྱུན་ལས་གྲོས་ཚོགས་སྤེལ་བཞིན་ཡོད། རྒྱུན་ལས་གྲོས་ཚོགས་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་ཅིང་། དུས་རིམ་སྔོན་མ་ནི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་དུས་རིམ་ཡིན་པ་དང་། དུས་རིམ་རྗེས་མས་ཚོགས་ཆེན་གྱིས་གྲོས་རིམ་ནང་བཞག་པའི་གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།