ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཐའོ་ཡིས་དམ་བཅའ་བཞག་སྟེ་ཁུན་ནེ་ཡཱའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ལུའུ་ཐའོ་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ནེ་ལོ་པུས་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁུན་ནེ་ཡཱ་རང་བཙན་བྱས་པའི་ཚུན་གྱི་ཙུང་ཐུང་ལྔ་བར་གྱུར་བ་རེད། 

ལས་འགན་ཁུར་བའི་མཛད་སྒོའི་སྟེང་། ལུའུ་ཐའོ་དང་ཁུན་ནེ་ཡཱའི་ཙུང་ཐུང་བཞི་བ་ཁུན་ཡཱ་ཐཱ་ཡིས་དབང་ཤུགས་བརྒྱུད་སྤྲོད་བྱས། ལུའུ་ཐའོ་ཡིས་ཁུན་ནེ་ཡཱའི་རྩ་ཁྲིམས་བརྩི་སྲུང་དང་། ཁུན་ནེ་ཡཱའི་མངའ་ཁོངས་དང་བདག་དབང་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱས་ཏེ། ཁུན་ནེ་ཡཱའི་མི་དམངས་ཀྱི་ལ་རྒྱ་སྲུང་རྒྱུའི་དམ་བཅའ་བཞག

ད་ལོ་དགུང་ལོ་ང་ལྔ་ཡིན་པའི་ལུའུ་ཐའོ་ཡིས་ཉིས་སྟོང་བརྒྱད་ལོ་ནས་བཟུང་ཁུན་ནེ་ཡཱའི་ཞིང་ལས་པུའུ་ཀྲང་གི་འགན་ཁུར་བ་དང་། ཉིས་སྟོང་བཅུ་ལོར་མཐོ་རིམ་སློབ་གསོའི་པུའུ་ཀྲང་གི་འགན་ཁུར་ལ། ཉིས་སྟོང་བཅུ་གསུམ་ལོར་ཙུང་ཐུང་གཞོན་པའི་འགན་ཁུར་བ་རེད། 

ད་ལོའི་ཟླ་བརྒྱད་པའི་ཚེས་དགུ་ཉིན། ཁུན་ནེ་ཡཱ་ཡིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཁུན་ནེ་ཡཱའི་རང་བཙན་འདེམ་བསྐོ་དང་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝ་ཧྥུའུ་ལཱ་ཆེ་པུའུ་ཁཱ་ཏིས་ཀྱིས་ཁྱབ་བསྒྲགས་བྱས་དོན། ལུའུ་ཐའོ་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་འདེམ་ཤོག་ས་ཡ་བདུན་དང་འབུམ་གཅིག་ཁྲི་བདུན་ལྷག་ཐོབ་ཡོད་པ་དང་། ནུས་ལྡན་འདེམ་ཤོག་གི་ཐོབ་ཚད་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་བཞི་དགུ་ཡིན་ལ། བར་ཁྱད་ཉུང་ཙམ་གྱིས་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཨོ་ཐིན་ཅཱ་ལས་རྣམ་པར་རྒྱལ་བ་རེད། ཁུན་ནེ་ཡཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་འདིའི་ཚེས་ལྔ་ཉིན་འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐན་ཙན་ནི་ཡཱ་དང་སོ་མཱ་ལི། མཱ་ལཱ་ཝེ། པུ་ལུང་ཏིས་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་པ་ལུའུ་ཐའོ་ཡིས་ལས་འགན་ཁུར་བའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།