ཀྲུང་གོ་བོད་ཀྱི་དྲ་བ།

ཅེ་ཁིའི་སྲིད་གཞུང་གིས་ནུས་ཁུངས་རིན་གོང་ཚོད་འཛིན་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པ་ནས་བཟུང་གློག་ཤུགས་དང་རང་བྱུང་སོལ་རླངས་ཀྱི་རིན་གོང་ཚོད་འཛིན་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་པའི་ནུས་ཁུངས་རིན་གོང་གནད་དོན་ཐག་གཅོད་བྱེད་རྒྱུ་རེད། 

ཅེ་ཁིའི་སྲིད་གཞུང་གིས་ཉིན་དེར་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་ནུས་ཁུངས་གནད་དོན་གྱི་ཐབས་ཇུས་ལ་གྲོས་བསྡུར་བྱས། ཙུང་ལི་ཧྥེ་ཡཱ་ལཱ་ཡིས་ཚོགས་འདུ་གྲོལ་རྗེས་གསལ་སྒྲོག་ཅིག་སྤེལ་ཏེ། གྲོས་ཚོགས་ནས་གློག་ཤུགས་ཀྱི་ཆེས་མཐོའི་རིན་གོང་སྟོང་ཝ་རེར་ཅེ་ཁིའི་སྒོར་མོ་དྲུག་ལ་ཚོད་འཛིན་བྱེད་པར་ཡིད་འཐད་བྱུང་བ་དང་། རིན་གོང་ཚོད་འཛིན་བྱས་ན་ཁྱིམ་ཚང་དང་ཁེ་ལས། མི་སྒེར་གྱི་ཚོང་གཉེར་མཁན་བཅས་ལ་ཕན་ཐོགས་འབྱུང་སྲིད་ཟེར། 

ཅེ་ཁིའི་ནོར་སྲིད་པུའུ་ཀྲང་སི་ཐན་ཡུག་ལཱ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཚོད་དཔག་བྱས་ན་བྱེད་ཐབས་དེས་ནོར་སྲིད་ཀྱི་སྔོན་རྩིས་ཅེ་ཁིའི་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་འཛད་སྲིད་པ་དང་། སྲིད་གཞུང་གིས་ནུས་ཁུངས་ཀུང་ཟི་སོགས་ནས་བསྡུ་འཆར་ཡོད་པའི་དཔྱ་ཁྲལ་གྱིས་སང་ལོའི་བར་དེའི་ཁྲོད་ཀྱི་ཅེ་ཁིའི་སྒོར་མོ་ཐེར་ཆེན་བདུན་ཟིན་ཐུབ་ཟེར། 

ཧྥེ་ཡཱ་ལཱ་ཡིས་ད་རུང་བསྟན་དོན། སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་བཟོ་ལས་ཁྱབ་ཁོངས་ལ་དམིགས་པའི་ཐག་གཅོད་བྱེད་ཐབས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།