ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆའི་སྲིད་ཇུས་སྐོར་གྱི་བཅའ་ཁྲིམས་བཀའ་རྒྱ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཁང་གིས་ཚེས་བརྒྱད་ཉིན་ཉིང་རྡུལ་ནུས་པའི་མཚོན་ཆའི་སྲིད་ཇུས་སྐོར་གྱི་བཅའ་ཁྲིམས་བཀའ་རྒྱ་སྤེལ།

བཅའ་ཁྲིམས་བཀའ་རྒྱ་དེ་ལས་གཏན་འཁེལ་བྱས་དོན། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆའི་འཐབ་འཁྲུག་སོགས་རྣམ་པ་གང་རུང་གི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་དྲང་བདེན་མངོན་འགྱུར་བྱེད་པའི་ཞི་བདེའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་རེ་སྨོན་བཅངས་ཡོད། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་མཚོན་ཆའི་སྲིད་ཇུས་དེ་འགོག་སྲུང་གི་ངོ་བོར་གཏོགས་ཤིང་། བློ་གཏད་ཡོད་ཅིང་ནུས་ལྡན་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་བཀག་འགོག་བྱེད་པའི་སྟོབས་ཤུགས་བསྐྲུན་པར་གཞོལ་བ་ཡིན་ལ། དམིགས་ཡུལ་ནི་ཉིང་རྡུལ་ནུས་པའི་མཚོན་ཆ་ཡོད་པའི་རྒྱལ་ཁབ་བར་གྱི་ནོར་འཆུག་དང་ཉིང་རྡུལ་ནུས་པའི་མཚོན་ཆ་གང་འདོད་དུ་བཀོལ་བར་སྔོན་འགོག་བྱས་ཏེ། ཚད་ཆེན་པོའི་སྒོ་ནས་ཉིང་རྡུལ་ནུས་པའི་མཚོན་ཆའི་འཐབ་འཁྲུག་གི་འཇིགས་ཉེན་ཇེ་ཆུང་དུ་གཏོང་བའི་ཆེད་ཡིན།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཉིང་རྡུལ་ནུས་པའི་མཚོན་ཆ་ནི་རྒྱལ་ཁབ་འགོག་སྲུང་སྟོབས་ཤུགས་ཀྱི་སྲོག་ཤིང་ཡིན་ཟེར། བཅའ་ཁྲིམས་བཀའ་རྒྱ་དེ་ལས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་མཚོན་ཆའི་སྲིད་ཇུས་ཀྱི་གཞི་རྩའི་རྩ་དོན་ནི་ཆེས་མཇུག་མཐའི་བྱེད་ཐབས་སུ་ཉིང་རྡུལ་ནུས་པའི་མཚོན་ཆ་བེད་སྤྱོད་གཏོང་བ་དེ་ཡིན་པ་ནན་བཤད་བྱས། བཅའ་ཁྲིམས་བཀའ་རྒྱ་དེ་ལས་ཉིང་རྡུལ་ནུས་པའི་མཚོན་ཆའི་འགན་འཁྲི་དང་གྲུབ་ཚུལ། བཀོད་འདོམ་ཚོད་འཛིན་སོགས་ཀྱི་ཐད་ལ་བཅའ་ཁྲིམས་ཀྱི་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།