ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཡང་བསྐྱར་ཁུ་པཱར་དགྲར་འཛིན་གྱི་ཉོ་ཚོང་བཅའ་ཁྲིམས་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་བར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་གསུམ་ཉིན་ཨ་མེ་རི་ཁའི་སྲིད་གཞུང་གིས་གཅིག་སྟོང་དགུ་བརྒྱ་རེ་གཉིས་ལོ་ནས་བཟུང་ཁུ་པར་ལག་བསྟར་བྱས་པའི་དགྲར་འཛིན་གྱི་ཉོ་ཚོང་བཅའ་ཁྲིམས་ཀྱི་ལག་བསྟར་བྱེད་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་བར་སྐྱོན་བརྗོད་བྱས།

ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། པེད་ཏིན་སྲིད་གཞུང་གིས་དགྲར་འཛིན་གྱི་ཉོ་ཚོང་བཅའ་ཁྲིམས་མེད་པར་གཏོང་མ་ཕོད་པ་དང་། དེར་ཁ་གཡར་ནས་མུ་མཐུད་དུ་ཁུ་པཱར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་གཉིས་ཉིན་ཁུ་པར་ལག་བསྟར་བྱེད་པའི་དགྲར་འཛིན་གྱི་ཉོ་ཚོང་བཅའ་ཁྲིམས་ཀྱི་ལག་བསྟར་ཡུན་ཚད་ཡང་བསྐྱར་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་རེད། 

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་གཉིས་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། པེད་ཏིན་ནི་དགྲར་འཛིན་གྱི་ཉོ་ཚོང་བཅའ་ཁྲིམས་བེད་སྤྱད་དེ་ཁུ་པཱའི་སྲིད་གཞུང་དང་མི་དམངས་ལ་མནར་གཅོད་གཏོང་མཁན་གྱི་ཨ་མེ་རི་ཁའི་ཙུང་ཐུང་སྐབས་བཅུ་གཉིས་པ་རེད། ཨ་མེ་རི་ཁའི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།