ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་བེད་སྤྱད་དེ་དཀྲུག་འཕེན་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཝུའུ་ཁི་ལན་གྱིས་ཀུའུ་ཐི་ལོས་སི་ཡིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་སྐབས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནས་དཀྲུག་འཕེན་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེ་ལ་བརྟེན་ནས་ཨུ་རུ་སིའི་ཕྱོགས་ཀྱིས་ས་ཁུལ་དེར་བསམ་བཞིན་དུ་གནོད་འཚེ་བཟོས་པར་སྐྱོན་འཛུགས་བྱེད་འདོད་པ་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་ཉེ་འཁོར་ས་ཁུལ་དུ་ཨུ་རུ་སིའི་དམག་དཔུང་གི་མཚོན་ཆ་ཆེ་གྲས་བཀོད་སྒྲིག་བྱས་མེད་ལ། ཉེན་སྲུང་དམག་དཔུང་ཙམ་ལས་མེད། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་ཐད་གཏོང་ལེ་ཚན་ཞིག་གི་ནང་བསྟན་དོན། ཝུའུ་ཁི་ལན་གྱིས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་བེད་སྤྱད་དེ་དཀྲུག་འཕེན་བྱེད་བཞིན་ཡོད་པར་མ་ཟད། ཉིང་རྡུལ་ནུས་པའི་འཇིགས་སྐུལ་བྱེད་བཞིན་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་བཅོ་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱི་གདན་ཞུས་དང་ལེན་བྱས་པ་དང་། ཉེ་ལམ་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། 

ཨུ་རུ་སིའི་རྫས་འགྱུར་དང་སྐྱེ་དངོས་འགོག་སྲུང་དམག་དཔུང་གི་དམག་སྤྱི་ཅི་ལི་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁས་བསམ་བཞིན་དུ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་འགས་གཏོར་བྱས་པའི་འབྲེལ་ཡོད་གནས་ཚུལ་གསང་རྒྱ་བྱས་པ་དང་། བྱ་སྤྱོད་དེ་ལས་ཡོ་རོབ་གླིང་ས་ཁུལ་གྱི་མི་མངོན་པའི་ཉིང་རྡུལ་ནུས་པའི་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བར་སྐུལ་འདེད་ཐེབས་ཡོད་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་སྤྱད་པའི་འགུལ་སྐྱོད་ལས་འཇར་པན་གྱི་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོ་དང་འདྲ་བའི་ཉིང་རྡུལ་ནུས་པའི་དོན་རྐྱེན་འབྱུང་ངེས་རེད། གལ་ཏེ་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནས་དོན་རྐྱེན་བྱུང་ཚེ། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འགྱེད་འཕྲོའི་སྦགས་བཙོག་ཐེབས་སྲིད་པར་མ་ཟད། ད་རུང་འཇར་མན་དང་ཕའོ་ལན། སི་ལོ་ཝ་ཁི། རོ་མཱ་ནི་ཡཱ། མའོ་ཨར་ཏའོ་ཝ་བཅས་སུའང་གནོད་པ་ཐེབས་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།