ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་འཐུས་ཚབ་ཚོགས་པར་ལམ་ཡིག་བྱིན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཨན་ཏུང་ནོའུ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་ཨ་མེ་རི་ཁས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨུ་རུ་སིའི་འཐུས་ཚབ་ཚོགས་པར་ལམ་ཡིག་བྱིན་ནས། ཁོ་ཚོ་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན། 

ཨན་ཏུང་ནོའུ་ཧྥུའུ་ཡིས་ཨུ་རུ་སིའི་བརྙན་འཕྲིན་ཁང་གི་ལེ་ཚན་ཞིག་ལས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཡོད་སའི་རྒྱལ་ཁབ་ཀྱི་འོས་འགན་ལག་བསྟར་བྱས་ཤིང་། མྱུར་དུ་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨུ་རུ་སིའི་འཐུས་ཚབ་ཚོགས་པར་ལམ་ཡིག་སྟེར་དགོས་པའི་རེ་བ་བཏོན། ཨན་ཏུང་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཡང་དང་བསྐྱར་དུ་ཨུ་རུ་སིའི་ཕྱོགས་ཀྱི་བྱ་བའི་འཚམས་འདྲིར་བར་ཆད་བཟོ་བཞིན་ཡོད། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་འཚམས་འདྲི་ཡང་འདུས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ཁོངས་མི་དག་བདེ་བླག་ངང་ཨ་མེ་རི་ཁའི་མངའ་ཁོངས་སུ་འགྲོ་བར་འགན་སྲུང་བྱེད་དགོས་པའི་རེ་བ་ནན་མོ་བཏོན། ཨན་ཏུང་ནོའུ་ཧྥུའུ་ཡིས་ད་རུང་བསྟན་དོན། ཁོ་ཚེས་བཅོ་བརྒྱད་ཉིན་ཡང་བསྐྱར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་སོང་ནས། ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ལམ་ཡིག་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།